ཞེང་ཚད་སྨི་གཅིག་གི་སྒྲོག་ཙེ་དང་། འོད་གསལ་གྱི་སྟེགས་སྒྲོན། ཕྱེད་བཀག་བྱས་པའི་གཅད་ཁང་ཆུང་ཆུང་། ཇ་ཁང་ལ་སོགས་ཁུ་སིམ་རྣམ་པའི་སློབ་སྦྱོང་གི་ཁོར་ཡུག་གཙོ་བོར་འཛིན་པའི་མཉམ་སྤྱོད་རང་སྦྱོང་ཁང་ལྷ་སར་དར་བ་དང་། སློབ་མ་དང་ལས་བྱེད་པ་མི་ཉུང་བ་ཞིག་གིས་འཁྲུག་ཆ་དོད་པའི་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་པའི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད། ཁོང་ཚོས་དཔེ་དེབ་དང་། ཡིག་ཆས་སམ་གློག་ཀླད་བཅས་འཁྱེར་ནས་དེ་གར་ཡོང་སྟེ་རང་ཉིད་ཀྱིས་འགྲུབ་དགོས་པའི་ཕུགས་འདུན་ཆེད་འབད་བཞིན་ཡོད།
མི་གཅིག་ལ་གློག་སྒྲོན་གཅིག་དང་ཁང་པ་གཅིག་གི་དངུལ་སྐར་མ་གཅིག་ཀྱང་སྤྲོད་མི་དགོས་པར་རྔ་ཆེན་ལམ་དུ་དྲོ་སྐྱིད་དང་ལྷིང་འཇགས་ཀྱི་སློབ་སྦྱོང་ཁོར་ཡུག་ཅིག་རྙེད་ཐུབ། རིན་མེད་མཉམ་སྤྱོད་རང་སྦྱོང་ཁང་དེའི་འགན་འཁུར་བས་ས་གནས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་ལ་དགའ་བའི་གཞོན་ནུ་སློབ་མ་ཚོར་དབེན་ཞིང་སྟབས་བདེ་བ་དང་སྐྱིད་སྣང་དོད་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་བཏོད་ཡོད།
གསར་འགོད་པ་རིན་མི་དགོས་པའི་མཉམ་སྤྱོད་རང་སྦྱོང་ཁང་དུ་སླེབས་སྐབས་དང་ཐོག་མིག་ལམ་དུ་མངོན་པ་ནི་གྲལ་འགྲིག་པའི་སྒྲོག་ཙེ་རྐུབ་སྟེགས་དང་། འཇམ་ཞིང་དྲོ་སྐྱིད་ལྡན་པའི་གློག་སྒྲོན་འོག་དབེན་ཞིང་བློ་རྩེ་གཅིག་ཏུ་གཞོལ་བའི་སློབ་སྦྱོང་གི་རྣམ་པ་ཞིག་བསྐྲུན་ཡོད།
རིན་མེད་རང་སྦྱོང་ཁང་དུ་མིག་སྔར་རང་སྦྱོང་བྱེད་མཁན་50ལྷག་ཙམ་ཤོང་གི་ཡོད། མི་གཅིག་གི་སྒྲོག་ཙེ་དང་། མི་གཉིས་ཀྱི་སྒྲོག་ཙེ། ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ཁུལ་བཅས་ཚུད་ཡོད་པས་སློབ་སྦྱོང་བྱེད་མཁན་མི་འདྲ་བའི་དགོས་མཁོ་སྐོང་གི་ཡོད་པ་རེད། གཞན་ཡང་སྡོད་ས་ཚང་མར་གློག་སྒྲོན་དང་བསྒར་ཁུང་སྒྲིག་སྦྱོར་བྱས་ཡོད་པས།སློབ་སྦྱོང་བྱེད་མཁན་གྱིས་གློག་རྡུལ་སྒྲིག་ཆས་བཀོལ་སྤྱོད་བྱེད་བདེ་པོ་ཡོད། རང་སྦྱོང་ཁང་གི་གཉེར་སྐྱོང་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་8ནས་དགོང་མོའི་ཆུ་ཚོད་10བར་ཡིན་པ་རེད།
རང་སྦྱོང་ཁང་གིས་ད་དུང་རང་སྦྱོང་བྱེད་མཁན་ལ་གློག་དང་། དྲ་རྒྱ། ཆུ་ཁོལ། ཁ་ཧྥེ(རང་ཉིད་ཀྱིས་ཕོར་བ་ཁྱེར་དགོས་པ)དང་སྒོ་དབྱེའི་རྣམ་པའི་ཐབ་ཚང་ཞིག་རིན་མི་དགོས་པར་མཁོ་འདོན་བྱེད་ཀྱི་ཡོད། ཐབ་ཚང་ནང་རླབས་ཕྲན་ཐབ་ཀ་ཞིག་ཡོད་པས་རང་སྦྱོང་བྱེད་མཁན་གྱིས་རང་ཉིད་ཀྱིས་འཁྱེར་ཡོད་པའི་ཟས་རིགས་ཚ་པོ་བཟོ་བདེ་པོ་ཡོད་པ་རེད། གོང་གསལ་གྱི་ཞབས་ཞུ་དེ་དག་ཚང་མ་རང་འདེམས་དང་རིན་མེད་ཡིན་པ་དང་རང་སྦྱོང་བྱེད་མཁན་ལ་བླང་བྱ་འབའ་ཞིག་ནི་ཚང་མས་ཐུན་མོང་ཐོག་འཕྲོད་བསྟེན་སྲུང་སྐྱོང་དང་སྒྲིག་ཆས་ལ་གཅེས་སྐྱོང་བྱ་རྒྱུ་དེ་ཡིན་ཞེས་སློབ་ཡོན་མི་དགོས་པའི་མཉམ་སྤྱོད་རང་སྦྱོང་ཁང་གི་འགན་འཁུར་བ་སུའེ་ཧུའེ་ཆན་གྱིས་བཤད། རང་སྦྱོང་ཁང་ཆུང་ཆུང་གིས་གཞོན་ནུ་མི་རབས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་བཞིན་ཡོད། རང་སྦྱོང་ཁང་རིན་མེད་སྒོ་དབྱེ་བྱས་པ་དེས་གཞོན་ནུ་སློབ་མ་ཚོས་མུ་མཐུད་སློབ་གསོ་དང་ལེན་དང་རང་ངོས་ཀྱི་ཤེས་རྒྱ་ཆེ་རུ་གཏོང་བའི་དགོས་མཁོ་སྐོང་ཐུབ་པར་མ་ཟད། སློབ་སྦྱོང་གི་རྣམ་པ་ཟབ་མོ་ཞིག་ཀྱང་བཏོད་ནས་བློ་སེམས་གཅིག་མཐུན་གྱི་གཞོན་ནུ་སློབ་མ་དེ་བས་མང་བ་ཞིག་གིས་དེ་གར་མཉམ་དུ་ཕུགས་འདུན་དོན་གཉེར་དང་རྒྱང་རིང་གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་མ་ཐེབས་ཡོད།
ཉེ་ཆར་ང་ཚོས་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་ལེན་པའི་ཡིག་རྒྱུགས་ཀྱི་ནང་དོན་བསྐྱར་སྦྱོང་བྱེད་སྐབས། རིན་མེད་དང་དྲོ་སྐྱིད་ལྡན་པའི་རང་སྦྱོང་ཁང་འདི་མཐོང་བྱུང་། འདི་གར་ད་དུང་ཧ་ཅང་སྟབས་བདེ་པོ་འདུག རང་སྦྱོང་ཁང་དེའི་ཁོར་ཡུག་ཀྱང་ཧ་ཅང་ཡག་པོ་ཡོད་པ་དང་། ཁང་པ་རྐྱང་པ་དང་ཚོམས་ཆེན་ཡོད་པས་སློབ་སྦྱོང་གི་དགོས་མཁོ་མི་འདྲ་བ་སྐོང་ཐུབ་པས་ང་ཚོའི་བོད་ལྗོངས་སློབ་ཆེན་གྱི་གྲོགས་པོ་ཚང་མ་དེ་གར་སློབ་སྦྱོང་བྱེད་པར་ཡོང་བའི་རེ་བ་ཡོད་ཅེས་བོད་ལྗོངས་སློབ་ཆེན་གྱི་སློབ་མ་མའོ་ལིན་གྱིས་དགའ་སྤྲོའི་ངང་ནས་བཤད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社