ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་མཐོ་གསར་ལག་རྩལ་ཁུལ་དོ་དམ་ཨུ་ལྷན་དང་མངའ་རིས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“ས་གྲོལ་དཔལ་འབྱོར”གྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཁྱོན་རྣམ་གྲངས་8ལ་གན་རྒྱ་བཞག་པའི་ནང“ས་གྲོལ་དཔལ་འབྱོར”དང་འབྲེལ་བ་ཡོད་པའི་གན་རྒྱ་བཞག་པའི་ཁེ་ལས་3ཡོད་པ་དང་འདོད་མཐུན་མ་འཇོག་སྒོར་དུང་ཕྱུར་5.8ཟིན་ཡོད་པ་རེད།
ཚོགས་འདུའི་ཐོག་མངའ་རིས་དང་ལྷ་ས་མཐོ་གསར་ལག་རྩལ་ཁུལ(སྣེའུ་ཁུལ་གསར)གྱིས་རང་སོ་སོའི་རང་བྱུང་ཐོན་ཁུངས་དང་། སྲིད་ཇུས་ཀྱི་ལེགས་ཆ། ས་ཁོངས་ཀྱི་ལེགས་ཆ་བཅས་ཁག་སོ་སོར་འོས་སྦྱོར་བྱས་པ་རེད། མངའ་རིས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀུང་ཁྲང་ཕིང་གིས་དེ་རིང་རྣམ་གྲངས་ལ་གན་རྒྱ་བཞག་པར་ལྷ་ས་མཐོ་གསར་ལག་རྩལ་ཁུལ་དང་མངའ་རིས་ས་ཁུལ་གྱི་ཐོན་ལས་རིམ་སྤོར་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་རྒྱུ་རེད།ས་གྲོལ་དཔལ་འབྱོར་གྱི་རྣམ་པ་བརྒྱུད་ས་གནས་གཉིས་ཀྱིས་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས་བྱས་ཏེ་ཐུན་མོང་ཐོག་ཚོང་གཉེར་གྱི་ཁོར་ཡུག་རྩེ་གྲ་གཏོད་ནས་མ་འཇོག་ཁེ་ལས་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་ཐུབ་ཅེས་བཤད།
2022ལོར་ལྷ་ས་དང་མངའ་རིས་བར“ས་གྲོལ་དཔལ་འབྱོར”མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་མངའ་རིས་ཀྱི“ས་གྲོལ་དཔལ་འབྱོར”རྣམ་གྲངས་ལྷ་ས་མཐོ་གསར་ལག་རྩལ་ཁུལ(སྣེའུ་ཁུལ་གསར)དུ་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་བ་རེད། གྲོས་མཐུན་གཞིར་བཟུང་ཕྱོགས་གཉིས་པོས་མངའ་རིས་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་གླིང་ཁུལ་དུ་ཞུགས་པའི་ཁེ་ལས་ལས་བྱུང་བའི་GDPདང་། གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་དང་འཕར་ཐང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སོགས་ཀྱི་ཡོང་འབབ་དེ་ལྷ་ས་མཐོ་གསར་ལག་རྩལ་ཁུལ་དང་མངའ་རིས་ས་ཁུལ་གཉིས་1∶1གི་བསྡུར་ཚད་ལྟར་བགོ་བཤའ་རྒྱག་རྒྱུའི་ཁ་ཆད་བཞག་པ་རེད། 2023ལོར་ས་གནས་གཉིས་ཀྱི་མཉམ་ལས་ཁྱོན་ཡོངས་ནས་འགོ་ཚུགས་པ་དང་ཆབས་ཅིག་སྤུས་ལེགས་རྣམ་གྲངས་དང་དཔེ་མཚོན་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་པས“ས་གྲོལ་དཔལ་འབྱོར”འདི་ཉིད་ས་གནས་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།“ས་གྲོལ་དཔལ་འབྱོར”ཞེས་པ་ནི་ཕན་ཚུན་རང་ཚུགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ཧེ་བག་ཡོད་པའི་སྲིད་འཛིན་ས་ཁུལ་གཉིས་ཀྱིས་སྔར་ཡོད་ཀྱི་སྲིད་འཛིན་ས་ཁོངས་ཀྱི་དབྱེ་བའི་ཚོད་འཛིན་མེད་པར་བཟོས་ནས་བར་སྟོང་ལས་བརྒལ་བའི་སྲིད་འཛིན་དོ་དམ་དང་དཔལ་འབྱོར་གསར་སྤེལ་བརྒྱུད་ས་གནས་གཉིས་ཀྱི་ཐོན་ཁུངས་གསབ་རེས་དང་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བའི་ས་ཁོངས་དཔལ་འབྱོར་གྱི་མཉམ་ལས་བྱེད་སྟངས་ཤིག་ལ་ཟེར། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社