分享按钮

ཕོ་བྲང་པོ་ཏ་ལའི་ཐང་ཆེན་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་བདེ་འཇགས་དང་གོ་རིམ་ལྡན་པའི་ཡུལ་སྐོར་གྱི་ཁོར་ཡུག་ཅིག་བཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་ལྗོངས་ལ་ཡུལ་སྐོར་དུ་ཡོང་མཁན་ཉིན་རེ་བཞིན་མང་དུ་འགྲོ་བ་དང་བསྟུན་ནས། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཐང་ཆེན་མངགས་གཏོང་ཁང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྐུལ་སློང་ཚོཊ་ཆེན་དང་། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་གཞིར་བཟུང་། ཁོངས་གཏོགས་ཁུལ་གྱི་ཡུལ་སྐོར་གྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཞིབ་ཚགས་ཅན་དང་། སྤུས་དག་ཅན། རྩེར་སོན་ཅན་བཅས་ཀྱི་སྤྱོད་ཚུལ་ཐོག་ནས་ལས་ཀའི་བསམ་ཕྱོགས་མུ་མཐུད་གསར་གཏོད་དང་། ཡུལ་སྐོར་ཉེན་དོན་གྱི་མིང་བྱང་གསལ་དུ་བཏང་ནས་ཡུལ་སྐོར་བར་སྐྱིད་སྣང་དོད་ལ་བདེ་འཇགས་ལྡན་པའི་ཡུལ་སྐོར་གྱི་ཁོར་ཡུག་ཅིག་བསྐྲུན་ཡོད།

ཕོ་བྲང་པོ་ཏ་ལའི་ཐང་ཆེན་ནི་ཕོ་བྲང་པོ་ཏ་ལའི་མདུན་ཕྱོགས་སུ་གནས་པ་དང་། དེ་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་གྲོང་ཁྱེར་གྱི་ཐང་ཆེན་ཞིག་ཡིན་ལ། གྲོང་མི་དང་ཡུལ་སྐོར་བས་ཡུལ་སྐོར་བྱེད་པའི་མཛེས་ལྗོངས་གལ་ཆེན་ཞིག་ཀྱང་ཡིན། སྤྲོ་གསེང་དང་། རིག་གནས། འདུ་འཛོམས་སོགས་ནུས་པ་མང་པོ་མཉམ་དུ་འདུས་པའི་དེང་རབས་ཅན་གྱི་ཐང་ཆེན་ཞིག་ཀྱང་ཡིན་པས། ཉིན་རེར་ཡུལ་སྐོར་བ་མང་པོ་ཞིག་འདི་གར་མཛེས་ལྗོངས་ལ་ལྟ་བའམ་ཡང་ན་པར་རྒྱག་པར་ཡོང་གི་ཡོད།

ཟླ་5པར་སླེབས་རྗེས། ཡུལ་སྐོར་བ་ཉིན་རེ་བཞིན་མང་དུ་འགྲོ་བའི་གནས་ཚུལ་ལ་གཞིགས་ཏེ། ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་དུས་ཐོག་ཏུ་ཞབས་ཞུའི་རྣམ་པ་ལེགས་སྒྲིག་བྱས་ནས། ཉེན་རྟོག་པའི་སྟོབས་ཤུགས་ལ་ཤུགས་སྣོན་བརྒྱབ་སྟེ། སྐོར་གཡེང་རླངས་འཁོར་གཏོང་བ་དང་གོམ་བགྲོད་སྐོར་གཡེང་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་གཙོ་གནད་དུས་མཚམས་སུ་ཕྱོགས་ཡོངས་སུ་སྐོར་གཡེང་བྱས་པ་དང་། སྒྲིག་ལམ་ལ་སྲུང་སྐྱོང་དང་བདེ་འཇགས་ཐད་དྲིལ་བསྒྲགས་བྱས་ཏེ། ཡུལ་སྐོར་གྱི་འགལ་བ་དང་རྩོད་གཞི་སྣ་ཚོགས་དུས་ཐོག་ཏུ་སེལ་ནས་སྤྱི་བདེའི་ཞབས་ཞུའི་སྟོན་གྲངས་ལ་བརྟེན་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་སྟོན་གྲངས་གོང་མཐོར་བཏང་ཡོད། ཡུལ་སྐོར་བ་ཁྲེན་ཅ་ཆིས་ང་ཚོས་སྔ་དྲོར་ཕོ་བྲང་པོ་ཏ་ལའི་ཕོ་བྲང་ཐང་ཆེན་དུ་པར་རྒྱག་པར་ཡོང་རྒྱུ་ཆེད་མངགས་ཁ་ཆད་བྱས་ཡོད། སྔ་དྲོར་འདི་གར་མི་མང་པོ་མེད་པས་པར་རྒྱག་བདེ་པོ་འདུག ཐང་ཆེན་དུ་དུས་དང་རྣམ་པ་ཀུན་ཏུ་ཉེན་རྟོག་པས་སྐོར་གཡེང་བྱེད་པ་མཐོང་བྱུང་ལ། ང་ཚོར་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་བྱུང་། ལྷ་སའི་ཡུལ་སྐོར་གྱི་ཁོར་ཡུག་ཧ་ཅང་ཡག་པོ་འདུག་ལ། ང་ཚོ་འདི་གར་ཡུལ་སྐོར་བྱེད་སྐབས་སེམས་པ་ཡང་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།

ད་ལོའི་ཟླ་5པ་ནས་བཟུང་། ཉིན་རེར་ཐང་ཆེན་དུ་ཡོང་མཁན་ཆ་སྙོམས་བྱས་ན་མི་ཐེངས་ཁྲི་གཅིག་ལྷག་ཙམ་ལ་ཟིན་གྱི་ཡོད་པ་དང་། ཉིན་གཅིག་ལ་མང་ཤོས་སུ་མི་ཐེངས་11300ལྷག་ཙམ་ཟིན་གྱི་ཡོད། ཟླ་5ཚེས་1ཉིན་ནས་ཚེས་6ཉིན་བར་རིམ་རྩིས་བྱས་ན་མི་ཐེངས་61000ལྷག་ཙམ་ཟིན་པ་དང་། ཉིན་རེའི་དགོང་མོའི་ཆུ་ཚོད་བརྒྱད་པ་ནས་བཅུ་པ་ཙམ་བར་ནི་མི་མང་ཤོས་ཀྱི་དུས་ཡིན་ལ། སྔོན་དཔག་བྱས་ན་ད་ལོའི་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཚོད་ནི་ཟླ་9པའི་ཟླ་མཇུག་བར་རྒྱུན་མཐུད་རྒྱུ་ཡིན་པ་རེད། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ལྷུན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱིས་འབྱུང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་བདེ་འཇགས་ལ་དོགས་ཟོན་དང་། བདེ་འཇགས་དོ་དམ་ལ་ཚོད་འཛིན། དམངས་ཕན་ཞབས་ཞུ་བཅས་ཀྱི་ཐད་དམ་འཛིན་མཐར་ཕྱིན་པ་བྱས་ནས་ཕན་འབྲས་ཐོན་ཐུབ་པར་བྱེད་པ། ཤེས་དཔལ་དང་ཚད་ལྡན་གྱི་ཁྲིམས་འཛིན་དང་། སྤྲོ་སེམས་འཁོལ་བའི་སྒོ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-12 6 6 拉萨日报藏文 c180806.html 1 ཕོ་བྲང་པོ་ཏ་ལའི་ཐང་ཆེན་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་བདེ་འཇགས་དང་གོ་རིམ་ལྡན་པའི་ཡུལ་སྐོར་གྱི་ཁོར་ཡུག་ཅིག་བཏོད་པ། /enpproperty-->