(པར་ངོས་དང་པོར་མཐུད)རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་བཀོད་འདོམས་རྣམ་གྲངས་དང་མཛའ་གྲོགས་ཀྱི་མཚོན་རྟགས་སུ་གྱུར་ཡོད། ཀྲུང་གོའི་ལག་རྩལ་མང་པོ་ཞིག་འཛམ་གླིང་གི་སྔོན་ཐོན་ལག་རྩལ་གྱི་གྲས་སུ་ཚུད་ཡོད་པས། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དེ་བས་མང་བ་བྱས་ནས་ཀྲུང་གོའི་སྔོན་ཐོན་ལག་རྩལ་དེ་བས་མང་བ་ནང་འདྲེན་བྱས་ཏེ། ཧང་ག་རི་རྒྱལ་ཁབ་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་རོགས་རམ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཨོར་པན་གྱིས་སྤྲོ་སེམས་འཁོལ་བའི་གདན་ཞུ་དང་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། ཞི་ཅིན་ཕིང་གིས་ངས་འདི་གར་པུ་ཏ་ཕེ་སིའི་ལོ་རྒྱུས་སྲོལ་རྒྱུན་ཤེས་རྟོཊ་བྱུང་བར་མ་ཟད། གསོན་ཤུགས་གསར་པ་ཡང་མཐོང་བྱུང་བས། ཧང་ག་རིར་ངོས་འཛིན་ཟབ་ཏུ་ཕྱིན་ནས་དྲན་ཤེས་རྩ་ཆེན་ཞིག་བཞག་ཡོད། ལོ་15སོང་རྗེས། ཧང་ག་རི་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ཀྲུང་ཧང་སྤེལ་རེས་མཉམ་ལས་ཀྱིས་སྔོན་མ་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་ལ་ལེགས་སྐྱེས་ཕུལ་མྱོང་ཡོད། མིག་སྔར་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་དབྱེ་ཡིས་ཧང་ག་རིར་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་དཔལ་འབྱོར་ལག་རྩལ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་སྒེའུ་ཁུང་གི་འགྲམ་དུ་བཞུགས་ཏེ་ཕྱི་རོལ་གྱི་སྤྲིན་པར་གཟིགས་པ་དང་། རང་སོ་སོའི་འཚར་ལོངས་ཀྱི་བརྒྱུད་རིམ་དང་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་གླེང་མོལ་བྱས་ཏེ། ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་དགོངས་ཚུལ་བརྗེ་རེས་བྱས་ནས་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ཏང་གི་ལོ་རྒྱུས་དང་ཏང་དོ་དམ་དང་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གལ་ཆེན་ངོ་སྤྲོད་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་ཏང་ཡོན་བཅུ་ཕྲག་ཁ་ཤས་ལས་མེད་པའི་ཏང་ཆུང་བ་ཞིག་ནས་ཏང་ཡོན་ཁྲི་9800ལྷག་ཙམ་ཡོད་པའི་ཏང་ཆེན་པོ་ཞིག་ཏུ་འཚར་ལོངས་བྱུང་བ་དང་། ལམ་བར་དུ་ཉམས་སད་དྲག་པོ་མང་པོ་ཐེག་ནས་ཀྲུང་གོར་འགོ་ཁྲིད་དེ་ད་ལྟའི་གྲུབ་འབྲས་ཐོབ་ཡོད། མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་མུ་མཐུད་རྣམ་པར་རྒྱལ་ནས་ཀྲུང་གོས་ཡུན་རིང་བརྟན་ལྷིང་དང་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་མི་དམངས་ལ་འཚོ་བ་སྔར་ལས་ལེགས་པོ་སྐྱེལ་ཐུབ་པར་མ་ཟད། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ད་ཐེངས་ཀྱི་འཚམས་འདྲི་དུས་ཡུན་རིང་པོ་མེད་ཀྱང་ང་ཚོས་འབྲེལ་གཏུགས་གང་ལེགས་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་ཡོད། ང་ཚོས་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་གསར་པར་སླེབས་པར་སྐུལ་འདེད་གཏོང་རྒྱུའི་ཐག་བཅད་པ་ཡིན། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་འདུ་ཤེས་འདྲ་མཚུངས་ཡིན་པ་དང་ཚང་མས་རང་བཙན་རང་བདག་ལ་བརྩི་མཐོང་བྱེད་ཀྱི་ཡོད། ངས་སྲིད་བློན་ཨོར་པན་དང་འབྲེལ་གཏུག་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་རྒྱུན་འཛིན་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ། ཐུན་མོང་ཐོག་འབད་བརྩོན་བྱས་ནས་ང་ཚོར་བྱུང་བའི་ཐུན་མོང་ངོས་འཛིན་དེ་དངོས་དངོས་རྗེན་རྗེན་གྱི་མཉམ་ལས་གྲུབ་འབྲས་སུ་བསྒྱུར་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོ་དང་ཧང་ག་རིའི་མ་འོངས་པའི་འབྲེལ་བ་དང་འཕེལ་རྒྱས་ཐད་ང་ལ་ཡིད་ཆེས་ཆེན་པོ་ཡོད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社