(པར་ངོས་དང་པོར་མཐུད)ནུས་པར་བརྩི་འཇོག་ཆེན་པོ་ཐོབ་ཅིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་སྟོབས་ཤུགས་འགོག་ཐབས་བྲལ་བ་རེད། འཕེལ་རིམ་དེའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏིང་ཟབ་ཅིང་བློ་གྲོས་ཟབ་པ་དང་། འཐབ་ཇུས་ཀྱི་མིག་རྒྱང་། ཕུལ་དུ་བྱུང་བའི་འགོ་ཁྲིད་བཅས་ཀྱིས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་བཏོན་ཡོད་ལ། ཀྲུང་གོས་རང་ངོས་འཕེལ་རྒྱས་ལ་གཞོལ་བར་མ་ཟད་ད་དུང་སེར་ཝེ་ཡ་སོགས་རྒྱལ་ཁབ་གཞན་དག་ལ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ཡོད། སེར་ཝེ་ཡ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་ནི་ལོ་ངོ་5000ལྷག་ཙམ་གྱི་འོད་སྟོང་འཕྲོ་ཞིང་ཤེས་དཔལ་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། ང་ཚོའི་མི་རབས་འདི་དང་གཞོན་ནུ་མི་རབས་གསར་པ་ཚང་མས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱ་རྒྱུའི་སེམས་ཐག་བཅད་ཡོད། ང་ཚོས་ཀྲུང་ཧྭ་མི་རིཊ་ལ་བསྐྱར་དར་དོན་གཉེར་དང་། འཛམ་གླིང་མི་དམངས་ལ་བདེ་སྐྱིད་དོན་གཉེར། རང་ངོས་ཀྱི་འཕེལ་རྒྱས་དོན་གཉེར་བཅས་བྱེད་པ་མ་ཟད། འཛམ་གླིང་ཐོག་གི་རྒྱལ་ཁབ་གཞན་དག་དང་མཉམ་དུ་འཕེལ་རྒྱས་ཡོང་བར་ཡང་འབད་བརྩོན་བྱེད་བཞིན་ཡོད། འདི་ནི་ངས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ཐོག་མའི་བསམ་འདུན་བཏོན་པ་ཞིག་ཡིན་པས། སྟོབས་དང་ལྡན་པའི་ཀྲུང་གོ་ནི་འཛམ་གླིང་གི་འཇིགས་སྐུལ་ཞིག་གཏན་ནས་མིན། ཀྲུང་གོ་ཕྱོགས་ནས་སེར་ཝེ་ཡ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཝུའུ་ཆི་ཆིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུས་པ་དང་འབྲལ་མི་ཕོད་པའི་བརྩེ་སེམས་མཚོན་པར་གནང་ཡོད། ཝུའུ་ཆི་ཆིས་སེར་ཝེ་ཡ་ཕྱོགས་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཐེངས་འདིར་འཚམས་འདྲིར་ཕེབས་པར་སྣེ་ལེན་ཞུ་ཆེད་སྔར་བྱེད་མ་མྱོང་བའི་དམིགས་བསལ་གྱི་བཀོད་སྒྲིག་གནང་ཡོད་པ་དང་།ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཝེ་ཡའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་།ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བླ་ན་མེད་པའི་གུས་འདུད་ཞུ་ལུགས་ཚོར་ཐུབ་རྒྱུའི་རེ་བ་ཡོད་ཅེས་དང་། ཀྲུང་གོས་སེར་ཝེ་ཡར་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་རེས་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་དེ་གོ་སྐབས་སུ་བརྩིས་ནས་སེར་ཝེ་ཡ་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་སྲིད་འཛིན་ཝུའུ་ཆི་ཆི་སྟངས་དཔྱལ་གྱིས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞི་ཅིན་ཕིང་གིས་ཐེངས་འདིར་འཚམས་འདྲི་བྱེད་པའི་དུས་ཚོད་ཅུང་ཐུང་ཡང་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་བརྗེད་པར་དཀའ་བའི་བག་ཆགས་ཟབ་མོ་བཞག་བྱུང་། འཚམས་འདྲིའི་ནང་དོན་ཕུན་སུམ་ཚོགས་པ་དང་། དོན་སྙིང་གལ་ཆེན་ལྡན་ཡོད་པས་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད། ཀྲུང་སེ་མཛའ་གྲོགས་ལ་དམངས་འདོད་ཀྱི་རྨང་གཞི་བརྟན་པོ་ཡོད་པས་ངས་སྲིད་འཛིན་ཝུའུ་ཆི་ཆི་དང་མུ་མཐུད་འབྲེལ་གཏུགས་དམ་ཟབ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཀྲུང་སེའི་འབྲེལ་བའི་ལེའུ་གསར་པ་རྩོམ་པ་དང་ཀྲུང་སེ་འབྲེལ་བ་དང་དུས་རབས་གསར་པའི་ཀྲུང་སེ་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
དེ་རྗེས།སྲིད་འཛིན་ཝུའུ་ཆི་ཆི་སྟངས་དཔྱལ་གྱིས་ཞི་ཅིན་ཕིང་སྟངས་དཔྱལ་དང་ལྷན་དུ་རླངས་འཁོར་ལ་བཞུགས་ནས་གནམ་ཐང་དུ་ཕེབས་པ་དང་། སེར་ཝེ་ཡའི་དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་གཙོ་པུར་ན་པི་ཆི་དང་།སྲིད་བློན་ཝུའུ་ཆེ་ཝེ་ཆི། ཕྱི་འབྲེལ་པུའུ་ཀྲང་ཅིའུ་ལི་ཆི་སོགས་ཀྱིས་གནམ་ཐང་དུ་ཞི་ཅིན་ཕིང་ལ་ཕེབས་སྐྱེལ་ཞུས་པ་རེད། གནམ་ཐང་དུ་སྐྱོད་པའི་ལམ་བར་དུ་ས་གནས་དེ་གའི་མང་ཚོགས་དང་།ཀྲུང་གོ་བ། ཕྱིར་སྡོད་རང་མིས་འགྲོ་ལམ་གཡས་གཡོན་དུ་ཀྲུང་སེ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་སེར་ཝེ་ཡར་འཚམས་འདྲི་གནང་བར་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཕེབས་སྐབས། སེར་ཝེ་ཡ་ཕྱོགས་ཀྱི་མཁའ་དམག་འཐབ་འཛིང་གནམ་གྲུ་2མངགས་ནས་ཕེབས་སྐྱེལ་ཞུས་པ་རེད།
ཉིན་དེའི་དགོང་མོ་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་སེར་ཝེ་ཡ་ནས་པེར་ཀེ་རེ་ཏེར་ཕེབས་ཏེ།ཧང་ག་རིའི་སྲིད་འཛིན་ཧྲུའུ་ཡིའུ་ཁེ་དང་སྲིད་བློན་ཨོར་པན་གྱིས་གདན་ཞུས་ལྟར་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社