ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་སྟག་རྩེ་ཆུས་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྟག་རྩེ་ཆུས་སུ་སློབ་ཆུང་གསར་པ་ཞིག་སྐྲུན་བཞིན་ཡོད་པ་སྟེ། དེའི་མིང་ལ་སྟག་རྩེ་ཆུས་སློབ་ཆུང་གཉིས་པ་ཟེར་ཞིང་། རྣམ་གྲངས་དེ་ནི་ཟླ་3པར་སྐྲུན་འགོ་ཚུགས་པ་དང་སྔོན་དཔག་བྱས་པ་ལྟར་ན་སང་ལོའི་སྟོན་དུས་སུ་སློབ་མ་བསྡུ་འགོ་ཚུགས་རྒྱུ་རེད།
གསར་འགོད་པས་སྟག་རྩེ་ཆུས་སློབ་ཆུང་གཉིས་པ་བསྐྲུན་ཡུལ་ནས་མཐོང་བ་ལྟར་ན། ཀ་བ་འཛུགས་གདན་སྤྱིར་བསྐྲུན་ཟིན་པ་དང་། རྐོ་འདྲུའི་འཕྲུལ་འཁོར་གྱིས་བརྒྱང་བྱ་རྒྱོང་བཞིན་ཡོད་ལ། བཟོ་པ་ཚོས་ཀྱང་ཨར་ལས་བྱ་ཡུལ་ཁག་ཏུ་ལུགས་པང་བསྒྲིགས་ནས་རྩིག་རྨང་ལ་ཨར་འདམ་གྱི་ལུགས་རྒྱག་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྟག་རྩེ་ཆུས་སློབ་ཆུང་གཉིས་པ་ནི་དེ་སྔའི་སྟག་རྩེ་ཆུས་འབྲོམ་ཐོད་ཤང་ཆ་ཚང་སློབ་ཆུང་དུ་སྐྲུན་བཞིན་ཡོད་ཅིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་36239.28ཡོད་པ་དང་། མ་དངུལ་བསྡོམས་འབོར་སྒོར་ཁྲི་17140.5བཏང་ཡོད་པ་རེད། རྣམ་གྲངས་དེ་ད་ལོའི་ཟླ་3ཚེས་29ཉིན་ལས་འགོ་ཚུགས་པ་རེད། མིག་སྔར་སློབ་མའི་ཉལ་ཁང་སྟར་པ་བཞི་ཡི་རྩིག་རྨང་བཏིང་ཟིན་པར་མ་ཟད། བརྒྱང་བྱ་རྒྱོང་བཞིན་ཡོད་པ་དང་། དགེ་རྒན་གྱི་ཉལ་ཁང་སྟར་པ་གཉིས་ཀྱི་རྩིག་རྨང་འདིང་བཞིན་ཡོད་པས་ཟླ་5ཚེས་7ཉིན་ཞིབ་བཤེར་རྩིས་ལེན་བྱས་ཡོད་པ་རེད།
སྟག་རྩེ་ཆུས་སློབ་ཆུང་གཉིས་པའི་རྣམ་གྲངས་ཀྱི་ཅིང་ལི་ཅང་ཅུན་ཧྥེང་གིས“རྣམ་གྲངས་འདི་ནི་དེ་སྔའི་སློབ་གྲྭ་བཤིག་ནས་དེའི་ཐོག་ཏུ་སླར་ཡང་འཆར་འགོད་བྱས་ཏེ་སྐྲུན་པ་ཞིག་ཡིན། དེའི་ནང་སློབ་ཁྲིད་ཐོག་ཁང་2དང་། ལུས་རྩལ་ཐང་1 སློབ་མའི་ཉལ་ཁང་སྟར་པ་2 དགེ་རྒན་གྱི་ཉལ་ཁང་སྟར་པ་2བཅས་ཡོད། འཆར་གཞིའི་ལས་ཡུན་ནི་ཉིན་560ལྷག་ཙམ་ཡིན་ཞེས་བཤད།
སླད་ཕྱིན། ཨར་ལས་ཚན་པས་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཨར་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ས་སྟེང་གི་གྲུབ་ཆ་གཙོ་བོ་དང་སྒྲིག་བཀོད་སོགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ནས་སང་ལོའི་སྟོན་དུས་ཀྱི་སློབ་འགོ་མ་ཚུགས་གོང་ལས་མཇུག་འགྲིལ་ནས་རྩིས་སྤྲོད་པའི་ཆ་རྐྱེན་ཚང་གང་ཐུབ་བྱ་རྒྱུ་རེད།
“སྟག་རྩེ་ཆུས་སློབ་ཆུང་གཉིས་པའི་འཆར་འགོད་ཀྱི་ནང་། འཛིན་གྲྭ་24དང་སློབ་མ་1080ཡོད་པ་དང་། སློབ་ཆུང་དེ་2025ལོའི་སྟོན་དུས་སུ་སྤྱོད་འགོ་བྱེད་རྩིས་ཡོད། སློབ་གྲྭ་སྤྱོད་འགོ་ཚུགས་རྗེས། སྟག་རྩེ་ཆུས་ལྟེ་བའི་སློབ་ཆུང་གི་སློབ་མ་བསྡུ་བའི་གནོན་ཤུགས་ཆུང་དུ་གཏོང་ཐུབ་པར་མ་ཟད། ང་ཚོའི་སློབ་ཁྲིད་སྤུས་ཚད་ཀྱང་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ”ཅེས་སྟག་རྩེ་ཆུས་སློབ་གསོ་ཅུས་ཀྱི་རྨང་གཞི་འཛུགས་སྐྲུན་གཞུང་ལས་ཁང་གི་ལས་དོན་མི་སྣ་རེན་ཡིའུ་ལེང་གིས་བཤད་པ་རེད། (ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社