分享按钮

ཞི་ཅིན་ཕིང་དང་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ཡིས་ལྷན་དུ་གསར་འགོད་པར་ཐུག་འཕྲད་གནང་བ།

(པར་ངོས་དང་པོར་མཐུད)ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་མང་པོ་བྱུང་ཡོད་པའི་ནན་གསུངས་གནང་བ་རེད།

ང་ཚོས་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་ནས་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་གཏོད་རྒྱུ་ཡིན། ལོ་བརྒྱད་ཀྱི་གོང་། སེར་ཝེ་ཡ་ནི་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་དང་པོར་གྱུར་ཡོད། ད་ལྟ་སེར་ཝེ་ཡ་ནི་ཀྲུང་གོ་དང་མཉམ་དུ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་མཁན་གྱི་ཡོ་རོབ་རྒྱལ་ཁབ་དང་པོར་གྱུར་ནས་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་། དམིགས་བསལ་རང་བཞིན། ཆུ་ཚད་མཐོ་བ་བཅས་གང་ལེགས་མཚོན་ཡོད།

འཐབ་ཇུས་འབྲེལ་གཏུགས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པའི་སྣེ་ཁྲིད་བྱེད་པར་ང་ཚོས་མགྲིན་གཅིག་ཏུ་མོས་མཐུན་བྱས་ཡོད། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་གང་ལེགས་བྱས་ནས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཆབ་སྲིད་ཀྱི་རྨང་རྡོ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡས་རང་བཙན་རང་བདག་མཐའ་འཁྱོངས་དང་རང་ངོས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་སེར་ཝེ་ཡས་ཁོ་སུའོ་ཝོའི་གནད་དོན་ཐད་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ང་ཚོས་མཉམ་ལས་ཀྱི་ཡིག་ཆ་མང་པོར་མཚན་རྟགས་བཀོད་ནས་ཀྲུང་གོ་དང་སེར་ཝེ་ཡའི་མཉམ་ལས་གཉིས་ཕན་གྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་པའི་དཔང་པོ་བྱས་ཡོད། ཀྲུང་གོ་དང་སེར་ཝེ་ཡའི་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པས་ཕྱོགས་གཉིས་པོས་ཁྱབ་ཁོངས་རྒྱ་ཆེ་བ་དང་། སྤུས་ཚད་ལེགས་པ། ཕན་འབྲས་བཟང་བ་བཅས་ཀྱི་དངོས་སྒྲུབ་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཕན་ཚུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་རོགས་རམ་བརྟན་པོ་བྱ་རྒྱུ་མ་ཟད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཀུན་ཕན་དང་བསྟུན་མཁས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་འགྱུར་རྒྱུ་རེད།

འགྲིམ་འགྲུལ་དང་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་སོགས་སྲོལ་རྒྱུན་གྱི་ལེགས་ཆ་ལྡན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གསར་གཏོད་མཉམ་ལས་དེ་ཕྱོགས་གཉིས་པོའི་འབྲེལ་བའི་འཕར་གཞི་གསར་པ་ཞིག་ཏུ་འགྱུར་བ་དང་། ཁྱབ་ཁོངས་ཁག་གི་མི་སྣ་འགྲོ་འོང་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་དང་། སློབ་གསོ། ལུས་རྩལ། ཡུལ་སྐོར། ས་གནས་བཅས་ཀྱི་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས། ཏང་བར་གྱི་འགྲོ་འོང་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་ཤུཊ་ཆེ་རུ་གཏོང་དགོས། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ཐུན་མོང་ཐོག་དོན་འཁྱོལ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུཊགས་རྒྱུར་སྐུལ་འདེད་གཏོང་དགོས། དྲང་གཞག་དྲང་བདེན་མཐའ་འཁྱོངས་བྱས་ནས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ཐུན་མོང་ཐོག་ངོ་རྒོལ་བྱ་རྒྱུ་བཅས་ང་ཚོས་མགྲིན་གཅིག་ཏུ་མོས་མཐུན་བྱས་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་དུས་ཐེངས་དང་པོའི་དངོས་སྒྲུབ་ཀྱི་བྱེད་ཐབས་ཁག་6ཁྱབ་བསྒྲགས་བྱས་པ་སྟེ།

གཅིག་ནས་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོ་དང་སེར་ཝེ་ཡའི་རང་མོས་ཚོང་དོན་གྲོས་མཐུན་ད་ལོའི་ཟླ་7ཚེས་1ཉིན་དངོས་སུ་ནུས་པ་ཐོན་རྒྱུ་ཡིན་པ།

གཉིས་ནས་ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡས་2027ལོའི་ཆེད་ལས་རིགས་ཀྱི་འཛམ་གླིང་དངོས་མང་སྟོན་ཚོགས་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། སྐབས་དེར་ཚོགས་པ་མངགས་ནས་འགྲེམས་སྟོན་ནང་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ། ཀྲུང་གོའི་ཁེ་ལས་འབྲེལ་ཡོད་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་པ།

གསུམ་ནས་ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡའི་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་ཚད་ལེགས་སུ་གཏོང་འདོད་ཡོད་པས་ཕྱོགས་གཉིས་པོས་ལི་ཙི་ཀན་དང་ལན་མའེ་ཀྲུང་གོར་ཕྱིར་གཏོང་བྱེད་པའི་འགྲོ་ལུགས་ལེགས་གྲུབ་ཟིན་པ་དང་འབྲེལ་སེར་ཝེ་ཡའི་ནད་ཕོག་རང་བཞིན་ཆེ་བའི་འདབ་ཆགས་ཆམ་རིམས་ཀྱི་རིམས་ནད་ཀྱི་བཀག་རྒྱ་མེད་པར་བཟོ་རྒྱུ་ཡིན།

བཞི་ནས་ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་གསུམ་ནང་སེར་ཝེ་ཡའི་གཞོན་ནུ་ཚན་རིག་མཁས་ཅན་50ཀྲུང་གོར་ཚན་རིག་ཞིབ་འཇུག་སྤེལ་རེས་བྱེད་པར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

ལྔ་ནས་ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་གསུམ་ནང་སེར་ཝེ་ཡའི་གཞོན་ནུ་ལོ་ཆུང་300ཀྲུང་གོར་སློབ་སྦྱོང་བྱེད་པར་གདན་འདྲེན་ཞུ་རྒྱུ་ཡིན་པ།

དྲུག་ནས་ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་ཕྱོགས་ཀྱིས་པེར་ཀེ་རེ་ཏེ་ནས་ཧྲང་ཧའེ་བར་གྱི་ཐད་གཏོང་མཁའ་ལམ་མང་དུ་གཏོང་བར་དགའ་བསུ་ཚད་མེད་ཞུ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་མཁའ་འགྲུལ་སྐྱེལ་འདྲེན་ཁེ་ལས་ཀྱིས་པེར་ཀེ་རེ་ཏེ་ནས་ཀོང་ཀྲོའུ་བར་གྱི་ཐད་གཏོང་མཁའ་ལམ་ཤར་གཏོང་བྱ་རྒྱུར་སྐུལ་ལྕག་གང་ཐུབ་བྱ་རྒྱུ་ཡིན་པ།

ཞི་ཅིན་ཕིང་གིས་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། ཀྲུང་གོ་དང་སེར་ཝེ་ཡའི་མཛའ་གྲོགས་དེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་རླབས་ཆེན་གྱི་འབད་འཐབ་ཁྲོད་ཆགས་པ་ཞིག་ཡིན་པ་དང་ཁྲག་དྲོན་དང་ཚེ་སྲོག་གིས་བསྐྲུན་པ་ཞིག་རེད། འབྱུང་འགྱུར་ལ་དམིགས་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ནི་ཕྱོགས་གཉིས་པོའི་འཐབ་ཇུས་ཀྱི་གདམ་ག་ཡིན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་མངོན་འགྱུར་བྱ་རྒྱུ་དེ་ཡིན་ལ་སྒུལ་ཤུགས་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རྒྱབ་སྐྱོར་བརྟན་པོ་དང་རྒྱ་ཁྱབ་ངང་ཞུགས་པ་ལས་བྱུང་བ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་ཕྱོགས་དང་དཔུང་པ་མཉམ་གཤིབ་ཀྱིས་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོཊ་པ་འཛུགས་པའི་ལམ་བུ་གསར་པར་བསྐྱོད་འདོད་ཡོད་ཅེས་གསུངས་པ་རེད།

ཝུའུ་ཆི་ཆི་ཡིས་ཞི་ཅིན་ཕིང་ལོ་8ཀྱི་རྗེས་སུ་སླར་ཡང་འཚམས་འདྲིར་ཕེབས་པ་དེ་སེར་ཝེ་ཡར་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཡོད། སེར་ཝེ་ཡ་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་སེར་ཝེ་ཡའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་ཐོབ་ཡོད། ད་གིན་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་མོལ་གཏིང་ཟབ་ཅིང་རྒྱ་ཆེ་བས་ཕན་པ་མི་ཉུང་བ་ཞིག་ཐོབ་ཡོད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་དུས་རབས་གསར་པའི་སེར་ཝེ་ཡ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་མཉམ་འབྲེལ་གསལ་བསྒྲགས་ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཝེ་ཡ་དང་ཀྲུང་གོའི་མཉམ་ལས་ལ་རྒྱབ་སྐྱོར་བྱ་རྒྱུའི་དངོས་སྒྲུབ་བྱེད་ཐབས་མང་པོ་ཁྱབ་བསྒྲགས་གནང་བར་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོར་ཀྲུང་གོ་ལྟ་བུའི་རླབས་ཆེན་གྱི་གྲོགས་པོ་ཞིག་ཡོད་པ་དང་། སེར་ཝེ་ཡ་དང་ཀྲུང་གོའི་འབྲེལ་བའི་གནས་བབ་གསར་པ་ཡོད་པར་སྤོབས་པ་སྐྱེ་ཡི་ཡོད་ལ་སེར་ཝེ་ཡ་དང་ཀྲུང་གོའི་འབྲེལ་བའི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། སེར་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཚང་མའི་ཐད་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་མཉམ་དུ་ལངས་རྒྱུ་ཡིན། སེར་ཝེ་ཡ་དང་ཀྲུང་གོའི་མཛའ་གྲོགས་ལ་སྟོབས་ཤུགས་གང་རུང་གིས་འགལ་རྐྱེན་དང་གཏོར་བཤིག་ཕོག་མི་སྲིད་ཅེས་གསུངས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་བྱེད་སྒོར་ཞུགས་ཡོད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-10 6 6 拉萨日报藏文 c180683.html 1 ཞི་ཅིན་ཕིང་དང་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ཡིས་ལྷན་དུ་གསར་འགོད་པར་ཐུག་འཕྲད་གནང་བ། /enpproperty-->