ཤིན་ཧྭ་གསར་འགྱུར་ཁང་པེར་ཀེ་རེ་ཏེ་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་7ཉིན། པེར་ཀེ་རེ་ཏེར་ཕེབས་ནས་སེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་གནང་རིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཝེ་ཡའི《ཆབ་སྲིད་ཚགས་པར》ཐོག་ཏུ《འགྱུར་མེད་མཛའ་གྲོགས་འོད་ཟེར་གྱིས་ཀྲུང་གོ་དང་སེར་ཝེ་ཡའི་མཉམ་ལས་ཀྱི་ལམ་བུ་གསལ་བར་བྱེད》ཅེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད། རྩོམ་ཡིག་གི་ནང་དོན་གཤམ་གསལ་ལྟར་ཏེ།
འགྱུར་མེད་མཛའ་གྲོགས་འོད་ཟེར་གྱིས་ཀྲུང་གོ་དང་སེར་ཝེ་ཡའི་མཉམ་ལས་ཀྱི་ལམ་བུ་གསལ་བར་བྱེད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཞི་ཅིན་ཕིང་གིས།
དབྱར་ཟླ་འགོ་མ་ཚེས་དུས། ས་གཞིར་དཔལ་ཡོན་རྒྱས་སོང་། རེ་བས་ཁེངས་པའི་དུས་སྐབས་འདིར་སྲིད་འཛིན་ཨ་ལའེ་ཁེ་སང་ཏར·ཝུའུ་ཆི་ཆིའི་གདན་ཞུས་ལྟར། ངས་སེར་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་ཡིན། ད་རེས་ནི་ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་བ་ནས་བཟུང་། སེར་ཝེ་ཡའི་མཛེས་སྡུག་ལྡན་ཞིང་ངོ་མཚར་ཆེ་བའི་ས་ཆར་སླེབས་ཐེངས་གཉིས་པ་ཡིན། ལོ་བརྒྱད་ཀྱི་གོང་སེར་ཝེ་ཡར་འཚམས་འདྲི་བྱེད་པའི་རྣམ་པ་བཟང་པོ་དེ་སྔར་བཞིན་མིག་ལམ་དུ་ཁྲ་ལམ་མེར་མངོན་གྱི་འདུག་ལ། ལོ་བརྒྱད་རིང་ཕྱོགས་གཉིས་པོས་མཉམ་ལས་དམ་ཟབ་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ངས་སྲིད་འཛིན་ཝུའུ་ཆི་ཆི་སོགས་སེར་ཝེ་ཡའི་འགོ་ཁྲིད་པ་དང་གྲོགས་པོ་ཚོ་ལ་སླར་ཡང་མཛའ་གྲོགས་གླེང་མོལ་དང་མཉམ་ལས་གྲོས་མོལ་བྱས་ནས་ཀྲུང་གོ་དང་སེར་ཝེ་ཡའི་མཛའ་གྲོགས་ལ་གསོན་ཤུགས་གསར་པ་བསྣན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
ཀྲུང་གོ་དང་སེར་ཝེ་ཡའི་དབར་བར་ཐག་རིང་མོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་པ་ཐོག་མཐའ་བར་གསུམ་དུ་གཅིག་ལ་སྒྲིལ་ཡོད། དུས་རབས་གོང་མའི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ལོ་ཟླ་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་དུས་སྐབས་སུ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཡུལ་དུས་གཉིས་ལས་བརྒལ་བའི་མཛའ་གྲོགས་ཀྱི་བརྩེ་བ་ཟབ་མོ་གསོ་སྐྱོང་བྱས་ཡོད།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社