分享按钮

ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་ལྔ་གཅིག་རིང་འགྲུལ་པ་མི་ཐེངས་ཁྲི་7.6བསྐྱལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྔ་གཅིག་རིང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་སའི་འབབ་ཚུགས་ནས་འགྲུལ་པ་མི་ཐེངས་ཁྲི་7.6བསྐྱལ་བ་དེ་དུས་མཚུངས་ལས་མི་ཐེངས་ཁྲི་0.3འཕར་བ་དང་འཕར་ཚད་བརྒྱ་ཆ་4ཟིན་ནས་འགྲུལ་པ་མི་ཐེངས་ཁྲི་7ཟིན་ཡོད་པ་རེད།

ལྔ་གཅིག་རིང་། མཁའ་ལམ་སྐལ་བཟང་མེ་ཏོག་ཅེས་པའི་དང་བླངས་པས་འགྲུལ་པར་ཆ་འཕྲིན་བློ་འདྲི་དང་། སྤ་སེའི་དུས་ཚོད་བསྒྱུར་བ། རང་འགུལ་འཕྲུལ་འཁོར་ནས་སྤ་སེ་ལེན་པ། འགྲུལ་རྒྱུན་སྣེ་ཁྲིད། འཕྲལ་སྡོམ་སྤ་སེ་ཕྱིར་སློག་སྒེའུ་ཁུང་གི་ཞབས་ཞུར་ཤུགས་སྣོན་རྒྱག་པ་སོགས་བྱས་པ་དང་དུས་མཚུངས་བདེ་འཇགས་ཞིབ་བཤེར་སྒོ་དང་། སྤ་སེ་ཞིབ་བཤེར་སྒོ། གློག་སྐས་སྒོ་སོགས་གཙོ་གནད་ས་ཁོངས་ཀྱི་འགྲུལ་པར་སྣེ་ཁྲིད་དང་ཤར་གཏོང་ལས་དོན་སྒྲིག་འཛུགས་བྱས་ནས་འགྲུལ་པ་རླངས་འཁོར་འབབ་ཚུགས་སུ་སྒུག་པའི་དུས་ཚོད་ཐུང་དུ་བཏང་བ་རེད། དུས་ཆེན་གྱི་རྣམ་པ་གཏོད་ཆེད།དང་བླངས་པས་མེ་འཁོར་སྒུག་ཁང་དུ་འགྲུལ་པ་དང་མཉམ་འགུལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་དུས་མཚུངས་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་སྐྱེལ་སྒྲིག་འཛུགས་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པ་དང་།གཞོན་ནུའི་དང་བླངས་ཞབས་ཞུའི་ལས་དོན་སྤེལ་བ་བཅས་བྱས་ནས་འགྲུལ་སྐྱེལ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། འཕྲལ་སྡོམ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་དངོས་སུ་ཞིབ་བཤེར་དང་ལས་རེས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བྱས་ཏེ་འགྲུལ་པ་དུས་ཆེན་གྱི་གུང་གསེང་རིང་འགྲོ་སྐྱོད་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད། ལྷ་སའི་མེ་འཁོར་འབབ་ཚུགས་འགྲུལ་སྐྱེལ་འཁོར་ཁང་གི་ཀྲུའུ་རེན་གཞོན་པ་དབྱངས་ཅན་ལྷ་མོས་ཟླ་4ཚེས་29ཉིན་ནས་ཟླ་5ཚེས་5ཉིན་བར། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་7.6བསྐྱལ་བ་དེ་དུས་མཚུངས་ལས་མི་ཐེངས་ཁྲི་0.3འཕར་བ་དང་འཕར་ཚད་བརྒྱ་ཆ་4ཟིན་པ་དང་། འགྲུལ་པ་མི་ཐེངས་ཁྲི་7འབྱོར་ཞིང་། དེའི་ནང་ལྷ་ཉིང་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་ཁྲི་2.7ཟིན་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྔ་གཅིག་གི་གུང་གསེང་རིང་། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་ད་དུང་སྤ་སེ་འཚོང་སའི་སྒེའུ་ཁུང་གི་ནུས་པ་ལེགས་སུ་བཏང་ནས་ལས་སྒྲུབ་མི་སྣ་དང་། འཁོར་ཁང་གི་ལས་བྱེད་པ། དེ་བཞིན་ལས་ཁུངས་ཀྱི་ལས་བྱེད་པ་མང་དུ་བཏང་ནས་འགྲུལ་པ་འབབ་ཚུགས་སུ་འཛུལ་ས་དང་དོན་ས། འབབ་སྟེགས། ས་འོག་འགྲོ་ལམ། སྤྲིན་ཟམ། གློག་སྐས་ཀྱི་སྟེང་འོག་དང་དེ་བཞིན་བདེ་འཇགས་ཞིབ་བཤེར་སྒོ་སོགས་འགག་རྩའི་ས་གནས་ལ་སོ་ལྟ་ཚོད་འཛིན་དང་། ཁྲིད་སྟོན། རོགས་སྐྱོར་བཅས་བྱས་ཏེ་འབབ་ཚུགས་སུ་འཛུལ་སའི་འགྲོ་ལམ་འགག་པའི་སྣང་ཚུལ་མི་ཐོན་པ་བྱས་པར་མ་ཟད། མཁའ་ལམ་སྐལ་བཟང་མེ་ཏོག་ཅེས་པའི་ཞབས་ཞུའི་སྤུས་རྟགས་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་ཚོར་བ་སྐྱེན་པ་དང་། དོ་སྣང་བྱེད་པ། བརྩེ་སེམས་བཅངས་བ་བཅས་ཀྱི་ཞབས་ཞུའི་འདུ་ཤེས་ལག་ལེན་མཐར་ཕྱིན་བསྟར་ཡོད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-08 6 6 拉萨日报藏文 c180594.html 1 ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་ལྔ་གཅིག་རིང་འགྲུལ་པ་མི་ཐེངས་ཁྲི་7.6བསྐྱལ་བ། /enpproperty-->