分享按钮

(པར་ངོས་དང་པོར་མཐུད)ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་ནི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་ཁྲོད་ཀྱི་དམིགས་བསལ་གྱི་འབྲེལ་བའི་ཆ་གཅིག་ཡིན།

དམིགས་བསལ་ནི་རང་བཙན་རང་བདག་ལ་ཐུག་ཡོད། ལོ་ངོ་60ཡི་གོང་དམག་དཔོན་ཆེན་མོ་ཏའེ་ཀའོ་ལེ་ཡིས་ཀྲུང་གོ་གསར་པ་དང་ཕྱོགས་ཡོངས་ནས་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་རྒྱུའི་ཐབས་ཇུས་བཏོན་པ་དེ་འཇམ་འཐབ་ཀྱི་རྒྱབ་ལྗོངས་འོག་ལས་སླ་པོ་ཞིག་མིན། ལོ་ངོ་60རིང་།རྒྱལ་ཁབ་གཉིས་པོའི་མི་རབས་རིམ་བྱུང་གི་འགོ་ཁྲིད་པས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལྟ་སྟངས་དང་ཐག་གཅོད་བྱེད་ཀྱི་ཡོད། ཀྲུང་གོ་གསར་པར་དངོས་སུ་འཚམས་འདྲི་གནང་མཁན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གཙོ་བདག་དང་པོ་ནི་ཧྥ་རན་སེའི་སྲིད་འཛིན་ཡིན་པ་དང་ཀྲུང་གོ་གསར་པའི་འགོ་ཁྲིད་པས་ནུབ་ཕྱོགས་རྒྱལ་ཁབ་ལ་དངོས་སུ་འཚམས་འདྲི་གནང་ཡུལ་ཐོག་མ་ནི་ཧྥ་རན་སེ་རེད། ཀྲུང་གོ་དང་ཧྥ་རན་སེའི་འགྲོ་འོང་གི་དུས་སྐབས་ཚང་མའི་རྒྱབ་ཏུ་རང་བཙན་རང་བདག་གི་ནུས་ལྡན་རྒྱུ་རྐྱེན་དེས་འདེགས་སྐྱོར་བྱེད་ཀྱི་ཡོད་པས་གཅེས་འཛིན་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་འོས་པ་ཞིག་ཡོད། དམིགས་བསལ་ནི་ཕན་ཚུན་བསམ་ཤེས་བྱེད་དགོས། ཤར་ནུབ་ཕྱོགས་ཀྱི་ཤེས་དཔལ་ལྡན་པའི་འཐུས་མི་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀྲུང་གོ་དང་ཧྥ་རན་སེ་གཉིས་ཀྱིས་སྔར་ནས་བཟུང་ཕན་ཚུན་ལ་མྱོང་རོལ་དང་ཡིད་དབང་འགུག་གི་ཡོད། ཁུང་ཙེའི་བསམ་བློས་ཧྥུ་ཨེར་ཐའེ་སོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་། ཧྥ་རན་སེའི་བློ་སྒོ་འབྱེད་པའི་ལས་འགུལ་ལ་བློ་འབྱེད་ཐུབ་ཡོད། དུས་རབས་གོང་མའི་དུས་འགོར་ཧྥ་རན་སིར་བསྡད་ནས་ལས་སློབ་གཉིས་བརྩོན་བྱས་པའི་ཚ་རླབས་ཤིག་འཕྱུར་ཡོད་པ་དེས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ལ་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཡོད། འདི་ལོ་ནི་ཀྲུང་གོ་དང་ཧྥ་རན་སེའི་རིག་གནས་ཡུལ་སྐོར་ལོ་ཡིན་པས་རྒྱལ་ཁབ་གཉིས་པོས་གོ་སྐབས་དེ་སྤྱད་དེ་ཕན་ཚུན་གྱི་རིག་གནས་ཁྲོད་ནས་བློ་གྲོས་དེ་བས་མང་བ་འཚོལ་ཞིབ་དང་རིག་གནས་དེ་བས་མང་བ་བསྡུ་ལེན་བྱ་རྒྱུའི་ཡིད་ཆེས་ཡོད།

དམིགས་བསལ་ནི་འགན་འཁྲི་འཁུར་ཕོད་པ་དགོས། ཀྲུང་གོ་དང་ཧྥ་རན་སེ་ལག་གདང་སྦྲེལ་ཚེ་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་ཐུབ་པ་ལོ་རྒྱུས་ཐོག་ནས་ཐེངས་མང་ར་སྤྲོད་བྱུང་ཡོད། དེང་སྐབས་འཛམ་གླིང་ཟང་ཟིང་དུ་གྱུར་ནས་ཡུག་རེན་གྱི་ཉམས་ཉེན་དང་།ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འགལ་རྐྱེན་མཚམས་མི་འཇོག་པ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཞན་པ། གནམ་གཤིས་འགྱུར་ལྡོག་འགྲོ་བ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཉིན་བཞིན་དཀའ་ཚེགས་ཆེ་རུ་འགྲོ་བཞིན་ཡོད།ཀྲུང་གོ་དང་ཧྥ་རན་སེ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཞིག་ཡིན་པའི་ངོས་ནས་འགན་འཁྲི་དེ་བས་ཆེ་བ་འཁུར་དགོས། ང་དང་སྲིད་འཛིན་མ་ཁེ་ལུང་གིས་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་རྒྱུའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ཏེ།ཀྲུང་གོ་དང་ཧྥ་རན་སེའི་དབར་ཆུ་ཚད་མཐོ་བའི་ཕན་ཚུན་ཡིད་ཆེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ཀྱི་འབྲེལ་གཏུགས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་།ཐུན་མོང་ཐོག་འཛམ་གླིང་ལ་རེ་བ་བསྣན་ནས་མིའི་རིགས་ཡར་ཐོན་ཡོང་བའི་ཁ་ཕྱོགས་འཚོལ་ཞིབ་བྱ་རྒྱུར་མོས་པ་གཅིག་མཐུན་བྱུང་ཡོད། ལོ་རྒྱུས་ཀྱི་སྙིགས་བསིང་དང་། དོན་དངོས་ཀྱི་རྨང་གཞི། འབྱུང་འགྱུར་གྱི་འཆར་གཞི་བཅས་ཡོད་ཚེ་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་དཔྱིད་ཀ་ལྟར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བའི་ཡིད་ཆེས་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་གསོལ་སྟོན་ལ་མཉམ་དུ་ཞུགས་ཡོད་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-08 6 6 拉萨日报藏文 c180589.html 1 /enpproperty-->