ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གུང་གཞོན་སྡེ་ཚོགས་ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་གིས“དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་ཏེ་ལང་ཚོའི་ལམ་བུ་གསར་པའི་ཐོག་ནུས་ཤུགས་ཡོད་རྒུས་རྒྱུགས”ཞེས་པའི་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་ངོ་105འཁོར་བར་དྲན་གསོ་ཞུ་བའི་དཔེ་སྟོན་རང་བཞིན་གྱི་སྒོ་ནས་སྡེ་ཚོགས་ནང་ཞུགས་པའི་མཛད་སྒོ་དང་སྡེ་ཚོགས་ཀྱི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོ་སོགས་སློབ་འབྲིང་4ཡི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་འཐུས་མི་དང་སྐབས་2024པའི་གུང་གཞོན་སྡེ་ཚོགས་ཀྱི་འཐུས་མི་གསར་པ་མཛད་སྒོར་ཞུགས་ཡོད་པ་རེད།
མཛད་སྒོ་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་དང་སྡེ་ཚོགས་ཀྱི་ཁོངས་མི་གསར་པའི་འཐུས་མིའི་མིང་ཐོ་སྒྲོག་སྦྱངས་བྱས་རྗེས་ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའུ་དང་ཁྲེང་ཀོན་ཆུས་སློབ་གསོ་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་སྡེ་ཚོགས་ཀྱི་ཁོངས་མི་གསར་པར་རེ་རེ་བཞིན་སྡེ་ཚོགས་ཀྱི་རྟགས་མ་སྤྲད་པ་རེད། གུང་གཞོན་སྡེ་ཚོགས་ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཁྲེང་ཀོན་ཆུས་སློབ་གསོ་ཅུས་བསམ་བློ་ཆབ་སྲིད་གཞུང་ལས་ཁང་གི་ལས་འགན་གཅིག་ལྕོགས་སུ་ཁུར་བའི་བདེ་དཔལ་གྱིས་སྡེ་ཚོགས་རྩ་འཛུགས་ཀྱིས་གསོ་སྐྱོང་དང་རྟོག་ཞིབ་བྱས་པ་བརྒྱུད། 2024ལོའི་ཁྲེང་ཀོན་ཆུས་ཁོངས་གཏོགས་ཀྱི་གྲོང་ཁྱེར་སློབ་འབྲིང་དང་། གྲོང་ཁྱེར་སློབ་འབྲིང་གཉིས་པ། གྲོང་ཁྱེར་སློབ་འབྲིང་བརྒྱད་པ། ཁྲེང་ཀོན་ཆུས་ཅང་སུའུ་སློབ་འབྲིང་སོགས་སློབ་འབྲིང་8ཀྱི་ནང་དུ་སྔོན་ཐོན་གཞོན་ནུ་481སྡེ་ཚོགས་ནང་ཞུགས་པ་རེད། ཐེངས་འདིར་གུང་གཞོན་སྡེ་ཚོགས་ཀྱི་ཁོངས་མི་གསར་པ་སྡེ་ཚོགས་ཀྱི་ནང་དུ་ཞུགས་པའི་མཛད་སྒོ་འཚོགས་པའི་དམིགས་ཡུལ་ནི་གུང་གཞོན་སྡེ་ཚོགས་ཀྱི་ཁོངས་མི་གསར་པ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་ཆེན་ནང་ཞུགས་ཐུབ་པ་དང་། གཞོན་ནུའི་སྟོབས་གསར་དམག་གི་ནུས་པ་འདོན་སྤེལ་དེ་བས་ལེགས་པར་བྱས་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་དེ་བས་ལེགས་པ་མངོན་འགྱུར་ཡོང་བར་བྱ་རྒྱུའི་ཆེད་དུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
དེ་རྗེས། དམ་བཅའ་འཇོག་པར་སྣེ་འཁྲིད་མཁན་སྣེ་ཁྲིད་འོག་ཚོགས་མི་གསར་པ་ཚོས་དམར་མདངས་བཀྲ་བའི་ཚོགས་པའི་དར་ཆར་གདོང་གཏད་དེ་ཚོགས་པའི་ནང་ཞུགས་རྒྱུའི་དམ་བཅའ་བཞག་པ་རེད། ཚང་མས་དམ་བཅའ་བཞག་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་མཚོན་པར་བྱས་པ་དང་། བསམ་སྦྱོར་གཉིས་ཀྱི་ཐད་ནས་སྡེ་ཚོགས་ནང་ཞུགས་པར་ཁ་ཞེ་གཉིས་མེད་བྱས་ཡོད། ཁྲེང་ཀོན་ཆུས་ཅང་སུའུ་སློབ་འབྲིང་གི་སྡེ་ཚོགས་ནང་ཞུགས་པའི་ཚོགས་མི་སྒྲོལ་མཚོ་ཡིས་དགའ་སྤྲོའི་ངང་ནས་སྡེ་ཚོགས་ཀྱི་ཚོགས་མི་གསར་པ་ཞིག་ཡིན་པའི་ངོས་ནས་ངས་སྔར་བས་སློབ་སྦྱོང་ཧུར་ཐག་བྱས་ཏེ་སྡེ་ཚོགས་རྩ་འཛུགས་ཀྱི་ལག་ལེན་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་ནས་རང་ཉིད་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱས་ཏེ་སྡེ་ཚོགས་རྩ་འཛུགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社