分享按钮

སྟོད་ལུང་བདེ་ཆེན་ཆུས་ཀྱི་སྐྱོར་མོ་ལུང་ལྷ་མོ་ཚོགས་པས་ དུས་ཆེན་རིང་ལྷ་མོ་འཁྲབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་ཀྱི་ལྷ་མོའི་སྒྱུ་རྩལ་དྲིལ་བསྒྲགས་སྔར་བས་ལེགས་པར་བྱེད་པ་དང་། དུས་ཆེན་རིང་མང་ཚོགས་ཀྱི་རིག་གནས་ཀྱི་དགོས་མཁོ་སྐོང་བ། ཉེ་འགྲམ་དུ་མང་ཚོགས་ཀྱིས་ཆུ་ཚད་མཐོ་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ལོངས་སུ་སྤྱོད་ཐུབ་པ་བཅས་བྱ་ཆེད། “ལྔ་གཅིག”གུང་གསེང་རིང་སྟོད་ལུང་བདེ་ཆེན་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པའི་2024ལོའི་སྟོད་ལུང་སྐྱོར་མོ་ལུང་ལྷ་མོའི་འཁྲབ་སྟོན་དུས་ཚིགས་ཀྱི་བྱེད་སྒོ་དེ་སྟོད་ལུང་བདེ་ཆེན་ཆུས་ལྟེ་བའི་སྤྱི་གླིང་དུ་སྤེལ་བ་རེད།

བྱེད་སྒོའི་ཁྲོད། འཁྲུག་ཆ་དོད་པའི་སྤྱི་གླིང་གི་ནང་དུ་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་སྣ་མཁར་ལྷ་མོ་ཚོགས་པས《པདྨ་འོད་འབར》འཁྲབ་སྟོན་བྱས་པ་རེད། 《པདྨ་འོད་འབར》ནི་འབག་སྔོན་པོའི་ལྷ་མོ་འཁྲབ་མཁན་སྐྱོར་མོ་ལུང་ལྷ་མོ་ཚོགས་པས་རྒྱུད་འཛིན་བྱས་པའི་ལྷ་མོ་ཞིག་ཡིན་ཞིང་། བོད་དུ་དགའ་བསུ་ཐོབ་ཆེ་ཤོས་ཀྱི་ལྷ་མོའི་གྲས་ཤིག་ཡིན། སློབ་མ་སྤེན་པ་འབྲུག་གྲགས་ཀྱིས“ང་དུས་རྒྱུན་ལྷ་མོ་ལ་ཧ་ཅང་དགའ་པོ་ཡོད། སླད་ཕྱིན་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་འབྲེལ་ཡོད་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་བར་ཐག་ཇེ་ཉེར་བཏང་སྟེ། མངོན་མིན་རིག་གནས་ཤུལ་བཞག་སྔར་བས་མང་བ་ཤེས་རྟོགས་ཐུབ་པར་བྱ་རྒྱུ་ཡིན”ཞེས་བཤད།

སྟོད་ལུང་བདེ་ཆེན་ཆུས་ཀྱི་སྣ་མཁར་ལྷ་མོ་ཚོགས་པའི་ཚོགས་གཙོ་དང་ལྷ་མོའི་དགེ་རྒན་ཨ་རྡོར་གྱིས“ལྔ་གཅིག་གི་གུང་གསེང་དང་བསྟུན་ནས་ང་ཚོའི་ལྷ་མོ་ཚོགས་པས་སྟོད་ལུང་བདེ་ཆེན་ཆུས་ལྟེ་བའི་སྤྱི་གླིང་དུ་ལྷ་མོ་འཁྲབ་སྟོན་བྱས་པ་ཡིན། ཉེ་བའི་ལོ་ཤས་རིང་། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག བོད་ཀྱི་ལྷ་མོ་ལ་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་ཐུབ་པར་མ་ཟད། འཕེལ་རྒྱས་དང་གསར་གཏོད་ཀྱང་ངེས་ཅན་ཐུབ་ཡོད། སླད་ཕྱིན་ན་གཞོན་ཚོས་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་ནང་ཧུར་ཐག་ཞུགས་རྒྱུའི་རེ་བ་ཡོད”ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་དང་། གནའ་བོའི་བོད་ཀྱི་ལྷ་མོར་སླར་ཡང་སྐྱེ་སྟོབས་འཕེལ་ཆེད། “ལྔ་གཅིག”རིང་། སྟོད་ལུང་བདེ་ཆེན་ཆུས་ལྟེ་བའི་སྤྱི་གླིང་དུ་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྐྱོར་མོ་ལུང་ལྷ་མོ་ཚོགས་པ་དང་མཚོ་སྨད་ལྷ་མོ་ཚོགས་པས《གཟུགས་ཀྱི་ཉི་མ》དང་།《སྣང་ས་འོད་འབུམ》སོགས་འཁྲབ་སྟོན་བྱས་པ་རེད།

སྟོད་ལུང་བདེ་ཆེན་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་དོན་མི་སྣ་བུ་ཆུང་གྱིས་བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི། ཉེ་བའི་ལོ་ཤས་རིང་།སྟོད་ལུང་བདེ་ཆེན་ཆུས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་འཕེལ་རྒྱས་ཀྱི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ནས་རིག་གནས་ཀྱི་ནུས་པ་འདོན་སྤེལ་བྱས་པར་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་མངོན་པར་བྱ་ཆེད་དང་། མི་དེ་བས་མང་བས་མངོན་མིན་རིག་གནས་ཤུལ་བཞག་ཤེས་རྟོགས་དང་རྒྱུན་འཛིན་ཐུབ་པར་བྱ་ཆེད་ཡིན། དུས་ཆེན་རིང་ས་ཆ་འདི་གར་འཁྲབ་སྟོན་བྱེད་པ་ཕུད། ད་དུང་གཞོང་པ་ལྷ་ཆུའི་གླིང་གར་ལྷ་མོ་འཁྲབ་རྒྱུ་ཡིན་པས། གྲོང་མི་མང་ཚོགས་རྣམས་གཟིགས་སུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-06 6 6 拉萨日报藏文 c180560.html 1 སྟོད་ལུང་བདེ་ཆེན་ཆུས་ཀྱི་སྐྱོར་མོ་ལུང་ལྷ་མོ་ཚོགས་པས་ དུས་ཆེན་རིང་ལྷ་མོ་འཁྲབ་པ། /enpproperty-->