分享按钮

ཁོང་ཚོས་ངལ་རྩོལ་ལ་བརྟེན་ནས་དུས་རབས་གསར་པར་མདུན་སྐྱོད་བྱེད་པའི་ཁྲོད་སྙན་ཆ་དོད་པའི་རོལ་དབྱངས་དཀྲོལ་བ།

(པར་ངོས་དང་པོར་མཐུད)ཁོར་ཡུག་འཕྲོད་བསྟེན་བཟོ་པ།འཁོར་ཁང་གི་ཀྲུའུ་རེན་སོགས་ཀྱི་ཕུལ་བྱུང་ངལ་རྩོལ་པ་དེ་དག་ལས་རིགས་ཁག་དང་།ཁྱབ་ཁོངས་མི་འདྲ་བ་ནས་ཡིན་ཞིང་།ཚང་མ་ང་ཚོའི་ཉེ་འགྲམ་གྱི་ཆེས་གཞི་རིམ་གྱི་ངལ་རྩོལ་པ་དཀྱུས་མ་ཤ་སྟག་རེད། ཁོ་ཚོས་རང་ཉིད་ཀྱི་ལས་གནས་བརྟན་པར་སྲུང་བ་དང་།ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་འབད་བརྩོན་ལྷུར་ལེན་དང་དཀའ་སྤྱད་འབད་འཐབ་བྱེད་པ།ཕུལ་བྱུང་དང་རྩེ་གྲ་གཏོར་རྒྱུར་བརྩོན་པ་བྱེད་པ། སྤྱིར་བཏང་གི་ངལ་རྩོལ་ལ་བརྟེན་ནས་སྤྱིར་བཏང་མིན་པའི་བྱས་རྗེས་འཇོག་པ་བཅས་བྱས་ཏེ།“ལས་གཅེས་ལས་བཀུར་དང་།རྩེ་གྲ་གཏོད་རྒྱུར་བརྩོན་ལེན། དཀའ་སྤྱད་འབད་བརྩོན། གསར་གཏོད་བྱེད་ཕོད་པ། ཁེ་གྲགས་མི་གཉེར་བ། ལེགས་སྐྱེས་འབུལ་འདོད་ཆེ་བ”བཅས་ཀྱི་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་བཏོད་ཡོད། ཁོང་ཚོ་ནི་ལས་རིགས་ཀྱི་ཚད་གཞི་དང་རིན་ཐང་གི་སྟོན་ཕྱོགས་སུ་གྱུར་ཅིང་།རང་ཉིད་ཀྱི་རིན་ཐང་མངོན་ཐུབ་པ་དང་།རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཐུབ་པར་བྱས་ཏེ།“ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་ཡིན”ཞེས་པའི་གཙོ་དོན་མཆོག་ཏུ་འཛིན་བཞིན་ཡོད།

“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ་མཁན་དང་། བོད་ལྗོངས་ཙང་ཡོན་ཆང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་འཁོར་ཁང་གི་ཀྲུའུ་རེན་ལྷག་ཆུང་གིས་ངས་བོད་ལྗོངས་ཙང་ཡོན་ཆང་ལས་ཚན་རྩལ་ཚད་ཡོད་ཀུང་སིར་ལས་ཀ་བྱས་ནས་ལོ་18སོང་། ང་ནི་ཞིང་འབྲོག་པ་ནས་ཁེ་ལས་ཀྱི་ལས་བཟོར་གྱུར་པ་དང་། འབྲེལ་གཏུག་པ་ནས་འཁོར་ཁང་གི་ཀྲུའུ་རེན་ལ་གྱུར་པ། མང་ཚོགས་ནས་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར་པ་ཞིག་ཡིན། དེའི་རིང་། ངས་ངལ་རྩོལ་ནི་ཆེས་མཛེས་སྡུག་ལྡན་པ་དང་། ངལ་རྩོལ་ནི་ཆེས་རླབས་ཆེ་བ། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་ཆེས་གཟི་བརྗིད་ལྡན་པ་བཅས་ཡིན་ཞེས་པའི་སྐད་ཆ་འདིའི་ནང་དོན་དེ་བས་ཀྱང་མྱོང་ཚོར་ཐུབ་བྱུང་ལ། སྤྱིར་བཏང་གི་ངལ་རྩོལ་ཁྲོད་གཞི་ནས་སྤྱིར་བཏང་མ་ཡིན་པའི་རིན་ཐང་ཞིག་བཏོད་ནས་མི་ཚེ་ལ་དོན་སྙིང་ལྡན་པ་དང་འཚོ་བར་རིན་ཐང་ལྡན་པ་ཞིག་བྱུང་སོང་ཞེས་བཤད།

རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་ལས་དོན་པ་དང་། ལྷ་ས་གྲོང་ཁྱེར་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན་བཅས་ཡིན་པའི་སུང་ཞའོ་ཅིང་གིས“ངས་བོད་དུ་སློབ་སྦྱོང་དང་ལས་ཀ་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་མཁན་ཞིག་ཀྱང་ཡིན། ངས་2006ལོར་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ལས་དོན་སྒྲུབ་འགོ་བརྩམས་པ་ནས་བཟུང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལྷ་སའི་ལས་དོན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་བདེན་དཔང་བྱེད་ཐུབ”ཅེས་བཤད།

ངལ་རྩོལ་དཔེ་བཟང་བའི་ཚོགས་སྤྱིའི་ལས་རིགས་སྔར་བས་སྣ་མང་དུ་འགྲོ་བཞིན་ཡོད་པ་སྟེ། དེའི་ནང་སྲོལ་རྒྱུན་ལས་རིགས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་པའི་དཔེ་བཟང་བ། མྱུར་སྐྱེལ་སོགས་ལས་རིགས་གསར་པའི་དཔེ་བཟང་བ་སོགས་ཡོད། ཁོང་ཚོའི་ངོས་ནས་དཀའ་ཚེགས་ལ་མི་སྐྲག་པར་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་སྙིང་སྟོབས་དང་། ཡག་ཐོག་ཡག་བརྩེགས་དོན་དུ་གཉེར་བའི་སེམས་ཤུགས། མཉམ་དུ་དཀའ་ངལ་སེལ་བའི་མཐུན་སྒྲིལ་གྱི་བསམ་པ་སོགས་མངོན་བཞིན་ཡོད།

ཞའོ་ཅིང་གིས“སླད་ཕྱིན་ངས་ནམ་ཡང་ལྷོད་གཡེང་མི་བྱེད་པའི་བསམ་པ་དང་འབད་བརྩོན་ཆེན་པོས་མདུན་དུ་སྐྱོད་པའི་བསམ་པ་བཅངས་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་མཁན་དང་མིག་དཔེ་སྟོན་མཁན་མུ་མཐུད་ཡག་པོ་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཧུར་ཐག་འབུལ་རྒྱུ་ཡིན”ཞེས་བཤད།(ཕུར་སྒྲོན་དང་པ་ཚེ། ཨོ་རྒྱན་ཚེ་རིང་བཅས་ཀྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-06 6 6 拉萨日报藏文 c180556.html 1 ཁོང་ཚོས་ངལ་རྩོལ་ལ་བརྟེན་ནས་དུས་རབས་གསར་པར་མདུན་སྐྱོད་བྱེད་པའི་ཁྲོད་སྙན་ཆ་དོད་པའི་རོལ་དབྱངས་དཀྲོལ་བ། /enpproperty-->