分享按钮

“ལྔ་གཅིག”ངལ་གསོ་ཡིན་ཡང་ལས་གནས་བརྟན་སྲུང་བྱས་པ།

ཁུལ་ཁག་གི་སྔོ་འགྱུར་ནགས་བཟོའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ།

ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱ་རྒྱུ་ནི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བའི་ནང་དོན་གལ་ཆེན་དང་ཐབས་ལམ་ནུས་ལྡན་ཞིག་ཡིན་པས། འདི་ལོའི་ཟླ་3པ་ནས་བཟུང་། རང་གྲོང་གི་འགན་གཙང་བླངས་པའི་ནགས་བཟོའི་ཁེ་ལས་ཁག་གིས་ཤིང་འཛུགས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ཏེ།ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་།“ལྔ་གཅིག”ངལ་གསོ་ཡིན་ཡང་དུས་སྐབས་བཟང་པོར་དམ་འཛིན་བྱས་ནས་ལས་ལ་ཞུགས་ནས།ཁུལ་ཁག་གི་སྔོ་འགྱུར་ནགས་བཟོའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད།

ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་སྟག་རྩེ་ཆུས་དར་རྒྱས་ཡུག་ཁུལ་དང་པོར་འབྱོར་སྐབས།ཆེད་མངགས་ཆུ་རྒྱག་མཁན་གྱིས་རི་ལྡེབས་ཀྱི་ཤིང་སོན་ལ་ཆུ་རྒྱག་བཞིན་ཡོད་པ་དང་།ལུས་ཐོག་ཏུ་གྱོན་པའི་ལི་མདོག་གི་སྟོད་གོས་ནི་ཁོང་ཚོ་ཆུ་རྒྱག་མཁན་གྱི་ཆེད་གོས་ཡིན་ལ་ཁོང་ཚོའི་ལས་རིགས་ཁག་གི་མཚོན་རྟགས་ཤིག་ཀྱང་ཡིན་པ་རེད།

ཟླ་བ་གཅིག་ལྷག་ཙམ་གོང་གསར་འགོད་པ་འདི་གར་ཡོང་སྐབས། ས་ཁོངས་དེར་ས་དོང་འདྲུ་བཞིན་ཡོད་པ་དང་།རི་ལྡེབས་ཅུང་གཟར་བའི་རྐྱེན་གྱིས་འཕྲུལ་ཆས་སྤྱོད་ཐབས་བྲལ་བས་རི་འདབས་དང་དེ་ཡན་གྱི་ནགས་བཟོའི་ས་ཁོངས་སུ་མི་ཐབས་ལ་བརྟེན་ནས་ས་དོང་འདྲུ་བ་དང་།ཤིང་འཛུགས་པ།ཆུ་རྒྱག་པ་བཅས་བྱེད་དགོས་ཀྱིན་ཡོད། མིག་སྔར། ས་ཁོངས་དེར་ཤིང་འཛུགས་ཀྱི་ལས་འགན་ལེགས་གྲུབ་ཟིན་ནས་བདག་སྐྱོང་གི་དུས་མཚམས་སུ་སླེབས་ཡོད་པ་དང་། མི་རྣམས་དགའ་འོས་པ་ཞིག་ནི་ཡུན་རིང་མ་སོང་གོང་བཏབ་པའི་ཤིང་འབྲས་ཁམ་བུ་མང་པོ་ཞིག་ལ་མྱུ་གུ་གསར་པ་འབུས་པ་དང་གསོན་ཚད་མཐོ་པོ་ཡོད་པ་རེད། བདག་སྐྱོང་གི་ཕན་འབྲས་ལ་འགན་ལེན་དང་ཤིང་སོན་གྱི་གསོན་ཚད་ལ་འགན་ལེན་བྱ་ཆེད། ཡུག་ཁུལ་གྱིས་མུའུ་100རེར་ཆེད་མངགས་ཆུ་རྒྱག་མཁན་མི་2བཀོད་སྒྲིག་བྱེད་པའི་ཚད་གཞི་གཞིར་བཟུང་ཤིང་སོན་ལ་རེས་འཁོར་ངང་ཆུ་རྒྱག་གི་ཡོད།

དར་རྒྱས་ཡུག་ཁུལ་དང་པོའི་ཆེད་མངགས་ཆུ་རྒྱག་མཁན་ལས་མི་ལྷག་པ་ཚེ་རིང་གིས་ང་ཚོའི་ཡུག་ཁུལ་དེར་ཐོག་མཐའ་བར་གསུམ་དུ་མི་20ཡི་རེས་འཁོར་ངང་ཆུ་རྒྱག་གི་ཡོད་པར་མ་ཟད།ཆེད་དོན་མི་སྣ་ཞིག་གིས་ཀྱང་ང་ཚོར་ཆུ་རྒྱག་སྟངས་བསླབས་ནས་ཤིང་སོན་གསོན་ཚད་ཐད་འགན་ལེན་ཡག་པོ་བྱེད་དགོས་པ་བསླབས་བྱུང་ཞེས་བཤད།

དར་རྒྱས་ཡུག་ཁུལ་ཨང་དང་པོ་ལྟ་བུའི་རི་གཅིག་གི་བར་ཐག་ཡོད་པའི་ས་ཁོངས་གཞན་ཞིག་ལའང་འཁྲུག་ཆ་དོད་ལ་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་མངོན་རྒྱུ་ཡོད། ཤིང་སོན་དབོར་བ་དང་།ས་དོང་འདྲུ་བ།ཤིང་འཛུགས་པ།ཆུ་རྒྱག་པ་བཅས་ཚང་མས་ལས་བགོས་ཁ་གསལ་དང་རང་འགན་རང་འཁུར་བྱས་ནས་ལས་དོན་ཁག་དུས་གཅིག་ཏུ་སྤེལ་བཞིན་ཡོད། “ལྔ་གཅིག”རིང་ཚང་མས་ལས་གནས་བརྟན་སྲུང་གིས་ཤིང་འཛུཊ་པ་དང་བདག་སྐྱོང་བྱས་ཏེ། ཤིང་འཛུགས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་བྱེད་བཞིན་ཡོད་པ་རེད།

དར་རྒྱས་ཡུག་ཁུལ་དང་པོ་དེ་སྟག་རྩེ་ཧུའུ་ཧྥེང་སྐྱེད་ཚལ་སྔོ་འགྱུར་ཚད་ཡོད་ཀུང་སིས་འགན་གཙང་བླངས་ནས་ནགས་བཟོའི་ལས་དོན་སྤེལ་བ་རེད། སྟག་རྩེ་ཧུའུ་ཧྥེང་སྐྱེད་ཚལ་སྔོ་འགྱུར་ཚད་ཡོད་ཀུང་སིས་ལྷ་སའི་ལྷོ་བྱང་རི་བོའི་2024ལོའི་སྟག་རྩེ་ཆུས་ཀྱི་ནགས་བཟོ་སྔོན་ལ་བྱེད་པ་དང་།རྗེས་སུ་ཁ་གསབ་བྱེད་པའི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་ཡུག་ཁུལ་8ལ་ཁྱོན་མུའུ་18992ཡོད་པ་དང་། ཐོག་མའི་རྩི་ཤིང་རྐང་2293500ལྷག་ཙམ་ཡོད་པའི་ནང་ཁྱོན་ཤིང་སྣ་20ལྷག་ཙམ་ཡོད་པ་རེད། འགོ་ཚུགས་པ་ནས་བཟུང་།སྟག་རྩེ་ཧུའུ་ཧྥེང་སྐྱེད་ཚལ་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཏེ། ལེ་ལག་ཐད་གྲ་སྒྲིག་དང་ས་དོང་འདྲུ་བ་སོགས་ཀྱི་གྲ་སྒྲིག་ལས་དོན་ཐད་དུས་གཅིག་ཏུ་སྐུལ་འདེད་བཏང་བ་དང་།ཤིང་སོན་འདེབས་འཛུགས་དུས་ཐོག་ཏུ་བྱས་ནས་ཡུག་ཁུལ་ཁག་གི་ཤིང་འཛུགས་ནགས་བཟོའི་ལས་དོན་བདེ་བླག་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱས་པ་རེད།

སྟག་རྩེ་ཧུའུ་ཧྥེང་སྐྱེད་ཚལ་སྔོ་འགྱུར་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཆི་ཅུན་གྱིས་ང་ཚོས་མིག་སྔར་ཤིང་སོན་ཁྲི་50ལྷག་ཙམ་འདེབས་འཛུགས་ལེགས་གྲུབ་ཟིན་པ་དང་།ས་དོང་འདྲུ་ཚད་བརྒྱ་ཆ་90ཟིན་པ།ཆུ་གློག་གི་ལེ་ལག་ཚང་བའི་ལས་གྲྭ་ལེགས་གྲུབ་ཟིན་ཉེར་ཡོད་པས་ཟླ་5་ཚེས་30ཉིན་ལས་མཇུག་འགྲིལ་རྒྱུ་དང་། 2024ལོའི་ནགས་བཟོ་སྔོན་ལ་བྱེད་པ་དང་།རྗེས་སུ་ཁ་གསབ་བྱེད་པའི་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་དང་།“ལྔ་གཅིག”རིང་ལས་མི་དང་ལས་བཟོ་བ་ཡོངས་ཀྱིས་ལས་དུས་འཕར་མ་བྱས་ནས་ལས་གནས་བརྟན་སྲུང་བྱས་ཏེ།ལེགས་གྲུབ་ཟིན་པའི་ནགས་བཟོའི་ས་ཁོངས་ལ་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ནགས་བཟོ་གསར་པའི་ཡུག་ཁུལ་ལ་འདེབས་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ། དུས་བཀག་ནང་གྲངས་འབོར་ལྟར་ནགས་བཟོའི་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བཅས་བྱ་རྒྱུ་ཡིན་ཞེས་བཤད།

མིག་སྔར།ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང།“ཡུག་གཅིག་ལ་འདེབས་པ་དང་།ཡུག་གཅིག་སྔོ་ལྗང་དུ་འགྱུར་བ། ཡུག་གཅིག་གསོན་པའི”དད་སེམས་ལ་བརྟེན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་འགན་གཙང་བླངས་པའི་ནགས་བཟོའི་ཁེ་ལས་ཁག་གིས་ཤིང་འཛུགས་ནགས་བཟོ་བྱེད་པའི་ནང་ཧུར་ཐག་ཞུགས་ཏེ། ལྗང་མདོག་གི་ཕོ་ཉ་དང་།འབྱུང་ཁམས་ཀྱི་གདོང་ལེན་པར་བརྩོན་ལེན་བྱས་ནས་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་བསྐྲུན་བྱ་ཆེད།སྔོ་ལྗང་གི་ཚོན་མདངས་བསྣན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་འདིང་རྒྱུ་ཡིན་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-06 ཁུལ་ཁག་གི་སྔོ་འགྱུར་ནགས་བཟོའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ། 6 6 拉萨日报藏文 c180555.html 1 “ལྔ་གཅིག”ངལ་གསོ་ཡིན་ཡང་ལས་གནས་བརྟན་སྲུང་བྱས་པ། /enpproperty-->