མེས་རྒྱལ་གྱི་ས་གཞི་ཆེན་མོར་རྩྭ་ཤིང་གི་ལོ་འདབ་རྒྱས་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས། ལྔ་པའི་ཚེས་པ་བཞི་ནི་གཞོན་ནུའི་དུས་ཆེན་ཡིན་ལ། ད་ལོའི་དུས་ཆེན་འདི་ནི་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་ངོ་105འཁོར་བའི་དྲན་གསོའི་དུས་ཆེན་ཡང་ཡིན་པས། ང་ཚོས་རྒྱལ་ཡོངས་ཀྱི་གཞོན་ནུ་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་དང་། ལྔ་བཞིའི་སྔོན་བྱོན་པ་རྣམས་ཀྱི་བླ་ན་མེད་པའི་རྒྱལ་གཅེས་ཀྱི་བརྩེ་བ་དང་གསར་བརྗེའི་སྙིང་སྟོབས་ལ་དྲན་གསོ་ཞུས་ནས་ལྔ་བཞིའི་སྙིང་སྟོབས་སྔར་བས་ལེགས་པར་དར་བར་བྱེད་པ་དང་བསྐྱར་དར་གྱི་སྟོབས་ཤུགས་ལ་སྐུལ་སྤེལ་བྱེད་དགོས།
1919ལོར་ལྔ་བཞིའི་ལས་འགུལ་སྤེལ་བ་ནི་ཀྲུང་གོའི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཐོག་བྱུང་བའི་དུས་རབས་དབྱེ་འབྱེད་ཀྱི་དོན་སྙིང་ལྡན་པའི་ལས་འགུལ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་འདུན་པ་དང་ཡིད་ཆེས་ལ་སྐུལ་སློང་ཤུགས་ཆེན་བྱས་ཡོད། ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྔ་བཞིའི་ལས་འགུལ་ནི“སྔོན་ཐོན་གྱི་ན་གཞོན་ཤེས་ཡོན་ཅན་གྱིས་གདོང་ལེན་བྱས་ཤིང་། རྒྱ་ཆེའི་མི་དམངས་མང་ཚོགས་ཞུགས་ནས་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་མཐར་ཕྱིན་པར་བྱེད་པའི་རྒྱལ་གཅེས་དང་གསར་བརྗེའི་ལས་འགུལ་རླབས་པོ་ཆེ་ཞིག་དང་། ཀྲུང་གོའི་མི་དམངས་ཀྱིས་མི་རིགས་ཉེན་ཁ་ལས་སྐྱོབ་པ། མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་། མི་རིགས་ཀྱི་སྟོབས་ཤུགས་གཅིག་སྡུད་བཅས་བྱ་ཆེད་སྤེལ་བའི་སྤྱི་ཚོགས་གསར་བརྗེའི་ལས་འགུལ་རླབས་པོ་ཆེ་ཞིག་རེད་ལ། བསམ་བློ་གསར་པ་དང་རིག་གནས་གསར་པ། ཤེས་བྱ་གསར་པ་བཅས་ཁྱབ་སྤེལ་བྱས་ནས་བློ་སྒོ་འབྱེད་པའི་ལས་འགུལ་རླབས་པོ་ཆེ་ཞིག་རེད”ཅེས་གདེང་འཇོག་མཐོན་པོ་གནང་ཡོད། ལས་འགུལ་རླབས་པོ་ཆེ་དེས་ཀྲུང་གོའི་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོར་རྒྱ་ཁྱབ་ཏུ་སྤེལ་བར་སྐུལ་འདེད་བཏང་བ། མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་ཡོང་བར་སྐུལ་འདེད་བཏང་བ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པར་བསམ་བློ་དང་ལས་བྱེད་པའི་ཐད་ནས་གྲ་སྒྲིག་བཅས་བྱས་ཡོད་པས་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་ཀྱིས་མི་རིགས་རང་བདག་དང་འཕེལ་རྒྱས་ཡར་ཐོན་དོན་གཉེར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད།
གཞོན་ནུ་དར་ན་རྒྱལ་ཁབ་དར། གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། ལྔ་བཞིའི་ལས་འགུལ་ཚུན་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་། རྒྱལ་གཅེས་དང་། ཡར་ཐོན། དམངས་གཙོ། ཚན་རིག་བཅས་ཀྱི་ལྔ་བཞིའི་སྙིང་སྟོབས་ཀྱི་སྐུལ་ལྕག་འོག མི་རབས་ནས་མི་རབས་བར་གྱི་ཀྲུང་གོའི་གཞོན་ནུ་ཚོས་མུ་མཐུད་འབད་འཐབ་ངང་མདུན་དུ་བསྐྱོད་དེ། ལང་ཚོ་དང་ལྡན་པའི་རང་ཉིད་ལ་བརྟེན་ནས་ལང་ཚོ་དང་ལྡན་པའི་ཀྲུང་གོ་དང་། ལང་ཚོ་དང་ལྡན་པའི་མི་རིགས་བཏོད་ཅིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་དུ་ལང་ཚོའི་སྙན་དབྱངས་བརྩམས་ཡོད། དུས་རབས་གསར་པར་སླེབས་སྐབས། རྒྱ་ཆེ་བའི་ཞིང་ཐང་དང་། ཁེ་ལས་ཀྱི་འཁོར་ཁང་། ཚན་རིག་ཞིབ་འཇུག་གི་འཐབ་ས་མདུན་མ། གྲང་ངར་ཆེ་བའི་མཐའ་མཚམས་ཀྱི་འགག་སྒོ་སོགས་སུ་གཞོན་ནུ་ཚོས་ཆར་རླུང་ལ་མི་སྐྲག་པར་འགན་འཁྲི་ལྕི་པོ་ཁུར་ཞིང་། ལང་ཚོའི་སྤོབས་པ་ལ་བརྟེན་ནས“ལྷད་མེད་ཀྱི་བརྩེ་བ་ཀྲུང་གོའི་ཆེད་དུ་འབུལ”ཞེས་པའི་དུས་རབས་ཀྱི་ངར་སྒྲ་བསྒྲགས་པ་དང་། ལང་ཚོའི་བྱ་སྤྱོད་ལ་བརྟེན་ནས“ཏང་ཐུགས་བློ་བདེ་པོར་བཞུགས། རྒྱལ་ཁབ་སྟོབས་ལྡན་ང་ཡིས་སྐྲུན”ཞེས་པའི་དམ་བཅའ་དྲག་པོ་ལག་ལེན་དུ་བསྟར་ཡོད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པའི་ཀྲུང་གོའི་ཕུགས་འདུན་ཁྲོད་དུ་ཡང་ལང་ཚོའི་ཟིལ་ཤུགས་མངོན་པར་བྱས་ཡོད་པས། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ནི་དཔེ་ཡག་ཅིག་ཡིན་ལུགས་དང་། ལས་འགན་ཆེན་པོ་འཁུར་ཕོད་མཁན་ཞིག་ཡིན་ལུགས་ལག་ལེན་ཐོག་ནས་ར་སྤྲོད་གང་ལེགས་ཐུབ་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཆར་གཞི་བརྗིད་ཉམས་དང་ལྡན་པ་ཞིག་བཀོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་དམིགས་འབེན་བརྗིད་ཉམས་དང་ལྡན་པ་དེ་མངོན་འགྱུར་བྱེད་པར་རྒྱ་ཆེའི་གཞོན་ནུ་ཚུད་པའི་ཏང་ཡོངས་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社