ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་སའི་བྱང་སྐོར་ལམ་ནུབ་སྲིང་ལམ་ཐིག་རྣམ་གྲངས་ཀྱི་སྟོད་ལུང་ཕུག་ལམ་གཉིས་པའི་འཛུལ་སྒོ་བདེ་བླག་ངང་འདྲུ་བཞིན་ཡོད་པ་རེད།དེའི་ཐོག་ནས་ཕུག་ལམ་གྱི་ཨར་ལས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད་ཅིང་། སྔོན་དཔག་བྱས་པར་གཞིགས་ན་2025ལོའི་ལོ་མཇུག་ཏུ་ཏལ་འབིགས་ཐུབ་རྒྱུ་རེད།
སྟོད་ལུང་ཕུག་ལམ་གཉིས་པ་དེ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གནས་ཤིང་། ཕུག་ལམ་དེ་ལོགས་སུ་དབྱེ་ནས་བཀོད་སྒྲིག་བྱས་ཡོད་པ་དང་གཡོན་ཕུག་གི་སྤྱིའི་རིང་ཚད་ལ་སྨི་1760དང་གཡས་ཕུག་གི་སྤྱིའི་རིང་ཚད་ལ་སྨི་1800ཡོད་པས་དེ་ཕུག་ལམ་རིང་པོའི་ཁོངས་སུ་གཏོགས་ནས་ཁ་ཕྱོགས་གཉིས་སུ་འཁོར་ལམ་4ཇུས་འགོད་བྱས་ཡོད། མིག་སྔར། ཕུག་ལམ་གྱི་འཛུལ་སྒོའི་ཨར་ལས་ལེགས་གྲུབ་ཟིན་པ་དང་། ཕུག་ལམ་དང་པོའི་ནང་དུ་འདྲུས་ཚད་ལ་སྨི་16ཟིན་པ་དང་། ཕུག་ལམ་གཉིས་པའི་ནང་དུ་འཛུལ་སའི་གཡོན་ཕུག་ཉིན་ཤས་གོང་དངོས་སུ་འདྲུ་འགོ་བརྩམས་པ་དང་། ཕུག་ལམ་གཉིས་པའི་ཕྱིར་དོན་སའི་གཡས་ཕུག་གི་འདྲུས་ཚད་ལ་སྨི་2.6ཟིན་ཡོད་པ་རེད།
ཀྲུང་གོ་གཞུང་ལམ་ཅུས་གཉིས་པའི་ལྷ་སའི་བྱང་སྐོར་ལམ་ནུབ་སྲིང་ལམ་ཐིག་གི་དུམ་བུ་དང་པོའི་རྣམ་གྲངས་ཀྱི་འགན་འཁུར་བ་ཡུས་ཀྲོའུ་ཡིས་སྟོད་ལུང་ཕུག་ལམ་གཉིས་པ་ནི་བྱང་སྐོར་ལམ་ནུབ་སྲིང་ལམ་ཐིག་ཡོངས་ཀྱི་ལས་ཡུན་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་།བདེ་འཇགས་ལྡན་པ་དང་བདེ་བླག་ངང་ཕུག་ལམ་འདྲུ་འགོ་བརྩམས་པ་དེས་བྱང་སྐོར་ལམ་ནུབ་སྲིང་ལམ་ཐིག་གི་རྣམ་གྲངས་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་ཆེད་རྨང་གཞི་ཡག་པོ་ཞིག་བཏིང་ཡོད། རྣམ་གྲངས་ལེགས་གྲུབ་བྱུང་རྗེས་ལྷ་སའི་ལྷོ་བྱང་སྐོར་ལམ་གདུམ་ཟུམ་ཞིག་ཆགས་ནས་G109གྲོང་ཁྱེར་བརྒྱུད་པའི་དུམ་བུའི་འགྲིམ་འགྲུལ་གྱི་གནོན་ཤུགས་ཆེས་ཆེར་ཆུང་དུ་གཏོང་ཐུབ་པ་དང་།དུས་མཚུངས་གྲོང་མི་རྣམས་གྲོང་ཁྱེར་ནས་མགྱོགས་མྱུར་ཐོན་རྒྱུའི་དགོས་མཁོ་སྐོང་ཐུབ་ཅེས་བཤད་པ་རེད།
སྤྱིའི་འཆར་གཞིའི་བཀོད་སྒྲིག་གཞིར་བཟུང་། ཕུག་ལམ་གཉིས་པའི་དུམ་བུ་དེ་ཉིན་གཉིས་ནང་སྐོར་རེས་གསུམ་བྱས་ཏེ་ཉིན་རེར་ཕུག་ལམ་ནང་སྨི་2འདྲུ་རྒྱུ་དང་། ཚོགས་ཆུང་རེས་ཨར་ལས་ཀྱི་ནང་དོན་ལ་གཞིགས་ནས་སྔོག་འདོན་ཚོགས་ཆུང་དང་། རོགས་སྐྱོར་ཚོགས་ཆུང་། ཨར་འདམ་ཚོགས་ཆུང་སོགས་མི་འདྲ་བར་དབྱེ་རྒྱུ།ལས་སྒྲུབ་དུས་ཚོད་ནི་ལས་རིམ་ལ་དབྱེ་ནས་ཉིན་མཚན་བསྟུད་མར་ལས་ཀ་བྱེད་དགོས་ཀྱི་ཡོད། མིག་སྔའི་བར། ས་གནས་འདི་གའི་ལས་ཞུགས་མི་34དང་འཕྲུལ་ཆས་43བསྡུ་ལེན་བྱས་ནས་ལས་འགོ་ཚུགས་ཚུན་མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་849འཕར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་བྱང་སྐོར་ལམ་ནུབ་སྲིང་ལམ་ཐིག་གི་རྣམ་གྲངས་ནི་ལྷ་ས་གྲོང་ཁྱེར་གྱི་ལམ་དྲ་འཐུས་ཚང་དུ་གཏོང་བ་དང་། འགྲིམ་འགྲུལ་གྱི་གནོན་ཤུགས་སེལ་བ། འགྲིམ་འགྲུལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱི་གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་ཤིག་རེད། ལྷ་སའི་བྱང་སྐོར་ལམ་ནུབ་སྲིང་ལམ་ཐིག་གི་དུམ་བུ་དང་པོའི་རྣམ་གྲངས་ཀྱི་འགོ་འཛུགས་ས་ནི་པེ་ཅིང་ནུབ་ལམ་གྱི་སྟོད་ལུང་བདེ་ཆེན་ཆུས་དང་ཁྲེང་ཀོན་ཆུས་ཀྱི་འབྲེལ་མཚམས་སུ་གནས་པ་དང་འགྲོ་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་5.17ཟིན་ཡོད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社