分享按钮

(པར་ངོས་དང་པོར་མཐུད)ཝང་ཆང་དང་། ཧོ་ཕུང་། འཇམ་དབྱངས་བློ་གྲོས། ཀྲང་ཁྲུན་དབྱང་། སུང་ལིའུ་ཀྲུའུ་བཅས་ཚོགས་འདུར་ཞུགས་པ་དང་། ཀྲའོ་ཧུའེ་ཉན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ལྷག་ཆུང་དང་། རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་ལས་དོན་པ་སུང་ཞའོ་ཅིང་། ལྷ་ས་གྲོང་ཁྱེར་གྱི་ངལ་རྩོལ་དཔེ་བཟང་ཉི་མ་ཕན་ཐོགས་བཅས་ཀྱིས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དར་སྤེལ་དང་མཛེས་པའི་ལྷ་ས་འཛུགས་སྐྲུན་ལ་དམིགས་ནས་སྤེལ་རེས་གཏམ་བཤད་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། ཁོང་གིས་གསུངས་དོན། ངལ་རྩོལ་གྱིས་ལོ་རྒྱུས་གསར་གཏོད་བྱས་པ་དང་ངལ་རྩོལ་དཔེ་བཟང་བས་དར་སྲོལ་ལ་སྣེ་ཁྲིད་བྱེད་ཀྱི་ཡོད་པས། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་བ་མིག་དཔེར་བཟུང་སྟེ་དངོས་སྒྲུབ་འགན་ཁུར་དང་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་པ་སྟེ།

རྒྱུན་སྲིང་ལྷོད་མེད་ཀྱིས་ཏང་གཅེས་རྒྱལ་གཅེས་ཀྱིས་དད་སེམས་བརྟན་པའི་གསལ་ཤེས་པ་ཞིག་བྱེད་དགོས། དེ་ཡང་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་ཏེ་མི་སྒེར་གྱི་དོན་གཉེར་དེ་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་རླབས་ཆེན་བྱ་གཞག་ནང་མཉམ་འདྲེས་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ནང་མཉམ་འདྲེས་བྱས་ནས་གནས་གཅེས་ལས་བརྩོན་དང་། རྩེ་གྲར་བརྩོན་ལེན། ཕུལ་བྱུང་དོན་གཉེར་བཅས་བྱས་ཏེ་ལས་ཀ་གང་ཞིག་བྱས་ཀྱང་དེར་དགའ་ཞེན་དང་བརྩོན་སེམས་སྐྱེ་བ་དང་། ལས་དོན་ལེགས་པོ་སྒྲུབ་པ་དང་དཔེ་སྟོན་ཞིག་ཏུ་བསྒྲུབ་དགོས།

རྒྱུན་སྲིང་ལྷོད་མེད་ཀྱིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕུགས་འདུན་དོན་གཉེར་མཁན་ཞིག་བྱེད་དགོས། དེ་ཡང་གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་པ་དང་། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ། ལས་ཀའི་རྩ་དོན་ལྔར་གཞི་འཛིན་པ། ནུས་ཁུལ་ཆེན་པོ་གསུམ་རྒྱ་སྟོབས་ཆེ་རུ་གཏོང་བ། ལས་རྣམ་ཆེན་པོ་རིགས་ལྔ་འཕེལ་རྒྱས་གཏོང་བའི་ཁུལ་ལེགས་པོ་འཛུགས་པ། ཐོན་ལས་ཆེན་པོ་དགུ་སྟོབས་ཆེར་གཏོང་བའི་ཞིབ་ཕྲའི་ལེན་ཁྲོད་ཞུགས་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། ཡུལ་ཁོངས་ཡུལ་སྐོར་གྱི་ལེ་ལག་ཚང་བའི་འཕེལ་རྒྱས་ཆེན་པོ་བཅས་ཀྱི་བྱ་སྤྱོད་ཆེན་པོ་གསུམ་གྱི་ནང་ཞུགས་ནས་ལྷ་སས་གདོང་དམག་བདུན་ཡག་པོ་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

རྒྱུན་སྲིང་ལྷོད་མེད་ཀྱིས་ལག་རྩལ་སྦྱོང་བརྡར་བྱས་ཏེ་འཇོན་ཐང་ཆེ་བའི་ཤེས་རབ་ཅན་ཞིག་བྱེད་དགོས། དེ་ཡང་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་བཙུགས་ནས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པར་བྱས་ཏེ་དུས་བསྟུན་མདུན་སྐྱོད་ཀྱིས་ཤེས་བྱའི་མ་ལག་གསར་བརྗེས་དང་ལག་ལེན་གྱི་ནུས་པ་སྦྱོང་བརྡར་བྱེད་པ་དང་། ལག་རྩལ་ཡག་པོ་ཁོང་དུ་ཆུད་པ་དང་འཇོན་ཐང་ཡག་པོ་སྦྱོང་བརྡར་བྱས་ཏེ་རང་སོ་སོའི་ཁྱབ་ཁོངས་ཀྱི་མཁས་པ་དང་ལས་སྒོའི་མཁས་པ་ཞིག་ཏུ་བརྩོན་ལེན་བྱས་ཐོག་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་སྣོན་དགོས།

རྒྱུན་སྲིང་ལྷོད་མེད་ཀྱིས་དར་སྲོལ་གསར་པ་དར་སྤེལ་བཏང་སྟེ་དར་སྲོལ་གསར་པར་སྣེ་ཁྲིད་བྱེད་མཁན་ཞིག་བྱེད་དགོས། དེ་ཡང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་ཏང་དང་སྲིད་གཞུང་གི་ཐབས་ཇུས་དང་སྲིད་ཇུས་ལ་རྒྱབ་སྐྱོར་དང་བརྩི་བཀུར་ཞུ་བ་དང་། ཡ་རབས་ཀྱི་སྤྱོད་ཚུལ་ལ་སྣེ་ཁྲིད་དང་། ཀུན་སྤྱོད་ལེགས་པོ་བྱེད་པ། འཆམ་མཐུན་གྱི་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཏེ་མི་སྒེར་དང་མཉམ་སྡེབ་དང་། ཆ་ཤས་དང་ཁྱོན་ཡོངས། མིག་སྔ་དང་ཕུགས་ཀྱི་ཁེ་ཕན་འབྲེལ་བ་བཅས་ཐག་གཅོད་ཡང་དག་བྱས་ནས་ལས་དོན་སྒྲུབ་ཡུལ་དུ་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་མཁས་པ། བརྟན་ལྷིང་སྲུང་སྐྱོང་གི་གནོན་ཤུགས་ཆུང་དུ་གཏོང་མཁན་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་མཁན་ཡག་པོ་ཞིག་བྱས་ཏེ་དུས་བདེའི་ལྷ་ས་དང་ཤེས་དཔལ་ལྷ་ས་འཛུགས་སྐྱོང་ལ་རམ་འདེགས་བྱེད་པ་དང་། དུས་རབས་གསར་པའི་ལྷ་སའི་ངལ་རྩོལ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱེད་དགོས་པ་བཅས་སོ།

ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན།རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ངལ་རྩོལ་ལས་ཞུགས་དང་། རྩལ་ནུས་གསོ་སྦྱོང་། ཡོང་འབབ་བགོ་བཤའ། སྤྱི་ཚོགས་འགན་སྲུང་། བདེ་འཇགས་འཕྲོད་བསྟེན་སོགས་ཐད་ཀྱི་ཁེ་ཕན་འགན་ལེན་ཏན་ཏིག་བྱས་ནས་ངལ་རྩོལ་པས་ངོ་སོ་ལྡན་པའི་སྒོ་ནས་ངལ་རྩོལ་དང་སྤྲོ་སྣང་ངང་ལས་ཀ་བྱེད་དུ་འཇུག་དགོས། རིམ་པ་ཁག་གི་བཟོ་ཚོགས་རྩ་འཛུགས་ཀྱིས་ཏང་གིས་ངལ་རྩོལ་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ནས་ངལ་རྩོལ་མང་ཚོགས་ལ་བཟོ་ཚོགས་ནི་ལས་བཟོ་པའི་ཁྱིམ་ཚང་ཡིན་པ་དང་། བཟོ་ཚོགས་ཀྱི་ལས་བྱེད་པ་ནི་ཡིད་ཆེས་བྱ་ཡུལ་ཡིན་པ་དངོས་སུ་ཚོར་དུ་འཇུག་དགོས།

བཞུགས་མོལ་ཚོགས་འདུའི་རྗེས་སུ། ཤའོ་ཡིའུ་ཚའེ་ཡིས་2024ལོའི་རྒྱལ་ཡོངས་ཀྱི་ལྔ་གཅིག་པའི་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཁྲེང་ཀོན་ཆུས་ཅེ་ཏ་སྐྱེད་ཚལ་སྔོ་འགྱུར་མ་འཇོག་ལས་གྲྭ་ཚད་ཡོད་ཀུང་སིའི་སྔོ་འགྱུར་རུ་ཁག་དང་པོའི་རུ་དཔོན་ཚེ་རིང་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཚེ་རིང་གི་ཁྱིམ་དུ་ཕེབས་སྐབས་ཤའོ་ཡིའུ་ཚའེ་ཡིས་ཁོང་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་གི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། ལོ་ལྟར་ལས་ཀའི་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱས་ནས་ལྷ་སའི་སྐྱེད་ཚལ་སྔོ་ལྗང་ཅན་དུ་འགྱུར་བའི་ལས་དོན་ཐད་དཀའ་སྤྱད་ངལ་རྩོལ་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་གཟི་བརྗིད་ལ་གཅེས་སྤྲས་ཀྱིས་མུ་མཐུད་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་དང་། དངོས་སྒྲུབ་དཀའ་སྤྱད་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་ནས་སྤྱིར་བཏང་གི་ལས་གནས་ཐོག་ངོ་མཚར་གསར་པ་མུ་མཐུད་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཞུས་ཧའེ་འཚམས་འདྲིའི་བྱེད་སྒོར་ཞུགས་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-03 6 6 拉萨日报藏文 c180390.html 1 /enpproperty-->