分享按钮

(པར་ངོས་དང་པོར་མཐུད)ཚང་མས་མུ་མཐུད་འབད་བརྩོན་བྱས་ནས་བྱས་རྗེས་གསར་པ་ཟམ་མི་ཆད་པར་འཇོག་པ་དང་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ད་དུང་ཁྲུང་ཆིང་གིས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་།ཁྲུང་ཆིང་གི་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་ཡང་གནང་བ་རེད།ཞི་ཅིན་ཕིང་གིས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་བསྐྲུན་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་བཀོད་ཇུས་གལ་ཆེན་ཞིག་རེད།ཁྲུང་ཆིང་དང་སི་ཁྲོན་ས་ཁུལ་གཉིས་ཀྱིས་མཉམ་ལས་དམ་ཟབ་བྱས་ནས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང།དུས་རབས་གསར་པའི་ནུབ་རྒྱུད་ཀྱི་གྲོང་ཁྱེར་གཉིས་ཀྱི་གཏམ་རྒྱུད་ཐུན་མོང་ཐོག་ཡག་པོ་རྩོམ་དགོས།ཀ་རྟེན་ཐོན་ལས་ནི་ཐོན་སྐྱེད་ནུས་ཤུགས་གསར་པ་གོང་འཕེལ་གཏོང་བའི་གཡུལ་ས་གཙོ་བོ་ཡིན།ཁྲུང་ཆིང་གི་བཟོ་སྐྲུན་ལས་རིགས་ལ་རང་ངོས་ཀྱི་གྲུབ་ཆའི་ཁྱད་ཆོས་དང་དེ་མཚུངས་ཀྱི་ལེགས་ཆ་ལྡན་པས།ཁྲུང་ཆིང་གིས་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ལེགས་ཆ་དར་སྤེལ་དང་སྐྱོན་ཆ་གསབ་པ།མིག་སྔར་དམ་འཛིན་དང་འབྱུང་འགྱུར་ལ་ཐབས་ཇུས་འདིང་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་དང་ཡུན་རིང་བྱས་རྗེས་བཞག་ནས་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཅིའུ་ལུང་ཕོ་ཆུས་ཞེ་ཅ་དབན་ཁྲོམ་གཞུང་དམངས་གཙོ་གྲོང་ཚོའི་སྡེ་ཁུལ་ནི་ཁུལ་ཆུང་རྙིང་པ་ཞིག་ཡིན་པ་དང་།2022ལོའི་ལོ་འགོར་གསར་བརྗེས་སྒྱུར་བཀོད་རྣམ་གྲངས་སྤེལ་འགོ་ཚུགས་པ་དང་འབྲེལ་རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཚོད་ལྟའི་ནང་བཅུག་ཡོད་པ་རེད།ཞི་ཅིན་ཕིང་དེ་གར་ཕེབས་ནས། སྡེ་ཁུལ་སྒྱུར་བཀོད་དང་དམངས་ཕན་ཞབས་ཞུའི་གནས་ཚུལ་ལ་ལྟ་ཞིབ་དང་གཞི་རིམ་གྱི་བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་བ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་ཚུལ་གྱི་ངོ་སྤྲོད་གསན་པ་རེད།ཁོང་གིས་ད་དུང་སྡེ་ཁུལ་གྱི་ཟ་ཁང་དུ་ཕེབས་ཏེ་ཟ་མ་ཟ་བཞིན་པའི་མང་ཚོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་སྡེ་ཁུལ་གྱི་ཟ་ཁང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་བ་རེད།ཞི་ཅིན་ཕིང་གིས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱ་རྒྱུ་ནི་གྲོང་ཁྱེར་གསར་བརྗེས་ཀྱི་གཙོ་གནད་ཅིག་ཡིན་ལ་དམངས་འཚོའི་འདུ་འགོད་ཅིག་ཀྱང་ཡིན།ལོ་རྒྱུས་ཀྱི་དྲན་ཤེས་དང་ཁྱད་ཆོས་ཉམས་འགྱུར་སོར་འཇོག་བྱེད་དགོས་ལ་གྲོང་མིས་དོ་ཁུར་བྱེད་པའི་དོན་དངོས་གནད་དོན་ཡང་ཐག་གཅོད་བྱེད་དགོས།དེའི་ཐད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་བསྡོམས་དང་ཁྱབ་གདལ་བཏང་ནས་རྒྱ་ཆེའི་སྡེ་ཁུལ་གྱི་གྲོང་མིར་ཕན་པ་སྔར་ལས་ལེགས་པར་ཐོབ་པར་བྱེད་དགོས།གྲོང་ཁྱེར་བཅོས་སྐྱོང་གི་ལས་དོན་མང་པོ་ཞིག་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་སྡེ་ཁུལ་གྱི་སྟེགས་བུར་བརྟེན་ནས་དོན་འཁྱོལ་བྱེད་དགོས་པ་དང་།གྲོང་ཁྱེར་སྡེ་ཁུལ་གྱི་འགན་འཁྲིའི་དོན་ཚན་གསལ་པོ་བཟོས་ནས་ཐོན་ཁུངས་མུ་མཐུད་གཤམ་སྐྱོད་དང་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ།དྲ་མིག་ཅན་གྱི་དོ་དམ་དང་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ་སྡེ་ཁུལ་གྱི་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་དང་གནད་འཁེལ་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།

ཞལ་གྱེས་སྐབས་སྡེ་ཁུལ་གྱི་གྲོང་མིས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅི་ལ་ཕེབས་སྐྱེལ་ཞུས་པ་རེད།ཞི་ཅིན་ཕིང་གིས་ཚང་མར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་དམངས་འཚོ་ནི་གལ་ཆེན་ཡིན།ཏང་དང་སྲིད་གཞུང་གི་ལས་ཀ་ཐམས་ཅད་ནི་མང་ཚོགས་རྣམས་སྔར་བས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཆེད་ཡིན།རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་ཚང་མས་དམངས་འཚོའི་གནད་དོན་ཐག་གཅོད་བྱ་ཆེད་ནོར་ཤུགས་དང་དངོས་ཤུགས་སྔར་ལས་མང་བ་བཏང་ནས་ལོ་ལྟར་དམངས་འཚོའི་བྱ་བ་དངོས་འགའ་ཞིག་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཚེས་23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིང་གྲོང་ཁྱེར་གྱི་གྲངས་འཛིན་ཅན་གྱི་གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་ལྟེ་གནས་ལ་རྟོག་ཞིབ་གནང་ནས་ས་གནས་དེ་གའི་གྲོང་ཁྱེར་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་དང་གྲོང་ཁྱེར་ཆེ་གྲས་ཀྱི་བཅོས་སྐྱོང་ལམ་བུ་གསར་པ་འཚོལ་ཞིབ་བྱས་ཚུལ་གྱི་སྙན་ཞུ་གསན་པ་དང་། མ་ལག་བེད་སྤྱོད་ཀྱི་དཔེ་སྟོན་ལ་གཟིགས་པ་རེད། ཞི་ཅིན་ཕིང་གིས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དགོས་ངེས་ཀྱི་དོན་སྙིང་ཞིག་ཡིན། གྲངས་གཞིའི་ནུས་པ་སྤྲོད་ཤུགས་ཆེ་རུ་གཏོང་བ་དང་གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ན། ཚན་རིག་དང་མཐུན་པའི་སྒོ་ནས་གཞི་གྲངས་ཆེན་པོའི་ལས་སྟེགས་དང་དྲ་རྒྱའི་མ་ལག་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་དང་། མཉམ་འབྲེལ་བཀོད་འདོམས་དང་ཕྱོགས་ཁག་གི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་དགོས། གྲོང་ཁྱེར་བཅོས་སྐྱོང་བྱེད་པར་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་པ་དང་། དང་ཐོག་མར་དུས་དང་རྣམ་པ་ཀུན་ཏུ་བློ་གཟོད་མི་བདེ་བའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་སྔོན་ཇུས་ཡག་པོ་འདིང་བ་དང་། ལྔ་སྡོམ་གནད་ལ་འཁེལ་བ། བྱ་སྤྱོད་མགྱོགས་མྱུར་སྤེལ་བ་བཅས་བྱས་ཏེ་གནས་ཚུལ་སྣ་ཚོགས་ཐག་གཅོད་ནུས་ལྡན་བྱས་ནས་གྲོང་ཁྱེར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་རེད། ཁྱེད་ཚོས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཉམས་མྱོང་གསར་པ་གསོག་འཇོག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཚེས་24ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་ནས་ཁྲུང་ཆིང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།

ཞི་ཅིན་ཕིང་གིས་ཁྲུང་ཆིང་གི་བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞི་ཅུང་ལེགས་པ་དང་ཚན་རིག་སློབ་གསོའི་ཤེས་ལྡན་མི་སྣའི་ཐོན་ཁུངས་ཕུན་སུམ་ཚོགས་པས་སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་གལ་ཆེའི་ལག་རྩལ་བསྒྱུར་བཀོད་རིམ་སྤོར་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཏེ་སྲོལ་རྒྱུན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་རྒྱུ་དང་། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་འགྲན་རྩོད་ནུས་པ་ལྡན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་དགོས་པ་དང་། གལ་ཆེའི་ཚན་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རྣམ་གསར་པ་དང་། མ་དཔེ་གསར་པ། སྒུལ་ཤུགས་གསར་པ་བཅས་སྐྱེད་སྲིང་ཧུར་ཐག་བཅས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་དགོས་པ། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱའི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གལ་ཆེའི་འཕར་སྣེ་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་གསར་པའི་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱེད་དགོས་པ། འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མཛེས་སྡུག་ལྡན་པའི་ཁྲུང་ཆིང་འཛུགས་སྐྲུན་བྱས་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་གལ་ཆེའི་འབྱུང་ཁམས་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཁྲུང་ཆིང་གིས་གཞན་གྱི་སྔོན་ལ་སྐྱོད་ཕོད་པའི་བློ་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས་མཐའ་འཁྱོངས་དང་དོན་འཁྱོལ་བྱས་ཏེ་ཕྱོགས་གཅིག་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་བའི་གཞུང་ཁོངས་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་རྒྱ་སྟོབས་ཆེ་རུ་བཏང་སྟེ་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ནང་རང་འགུལ་ངང་ཞུགས་རྒྱུ་དང་ཞབས་འདེགས་ཞུ་རྒྱུ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། འབྲི་ཆུའི་དཔལ་འབྱོར་དར་ཁུལ། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་དགོས། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་དགོས་ཞེས་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས་ཁྲུང་ཆིང་ནི་རང་རྒྱལ་གྱི་ཐད་གཏོགས་ཁུལ་གྱི་རྒྱ་ཁྱོན་དང་མི་འབོར་གཞི་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་པས་མི་དམངས་ཀྱི་གྲོང་ཁྱེར་གྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་ཁྱེར་ཆེ་གྲས་དེང་རབས་ཅན་དུ་འགྱུར་བའི་བཅོས་སྐྱོང་གི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ནས་གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་གི་རིག་ནུས་ལྟེ་བ་འཛུགས་སྐྱོང་བྱས་ཏེ་ཕྱོགས་བསྡུས་གཞི་གཅིག་ཅན་ཆེན་པོའི་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ཐོག་གྲོང་ཁྱེར་བཅོས་སྐྱོང་སྔར་བས་རིག་ནུས་དང་། སྔར་བས་ནུས་ཆེ། སྔར་བས་གནད་ལ་འཁེལ་བ་བཅས་ཡོང་བར་བྱེད་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས་དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་སྟེ་གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏོང་བ་དང། སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་ཆུ་ཚད་མཐོ་རུ་གཏོང་དགོས། མཉེན་གཤིས་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་གནོད་འཚེར་སྔོན་འགོག་དང་། གནོད་འཚེ་ཉུང་གཏོང་། གེགས་འགོག་གེགས་སེལ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་གྲོང་ཁྱེར་ཆེ་གྲས་དང་། གྲོང་གསེབ་ཆེ་གྲས། རི་ཁུལ་ཆེ་གྲས། ཆུ་མཛོད་ཁུལ་ཆེ་གྲས་བཅས་གཞི་གཅིག་ཏུ་འདུས་ཡོད་པས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། རྫོང(ཆུས)གྲོང་གཞི་རྟེན་གལ་ཆེན་དུ་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཁྱེར་གྱི་བཟོ་ཚོང་གི་མ་རྩ་དང་།ཚན་རྩལ།ཤེས་ལྡན་མི་སྣ་བཅས་གྲོང་གསེབ་ཏུ་གཤམ་སྐྱོད་བྱེད་པར་ཁྲིམས་ལྟར་ཚད་ལྡན་དུ་བཏང་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་རོགས་རམ་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱས་ཏེ་རི་ཁམས་ལ་གཞིགས་ནས་འབྱུང་ཁམས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་དགོས། ཁྲི་སྟོང་འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་འཛུགས་སྐྲུན་དང་། ད་ལྟའི་དུས་རིམ་གྱི་ཞིང་པ་མང་ཚོགས་ཀྱི་དགོས་མཁོ་ཆེ་བ་དང་། དམ་འཛིན་བྱེད་ཐུབ་པ། དམ་འཛིན་ལོ་ཤས་བྱས་ནས་ཕན་འབྲས་ཐོན་ཐུབ་པའི་གཙོ་གནད་དོན་དངོས་ལ་དམིགས་ཏེ་དོན་དག་རེ་རེ་བཞིན་དམ་འཛིན་བྱས་ནས་རེ་རེ་བཞིན་སྒྲུབ་ཐུབ་པར་བྱས་ཏེ་ཞིང་པ་མང་ཚོགས་ལ་མྱོང་ཚོར་དང་ཕན་འབྲས་དངོས་ཐོབ་པར་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གཞི་ཁྱོན་ཆེ་བའི་རང་བཞིན་གྱི་དབུལ་ཕོངས་བསྐྱར་ལོག་མི་ཡོང་བའི་འགན་ལེན་བྱེད་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། གཙོ་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས་པ་དང་། བདེན་འཛིན་དངོས་སྒྲུབ་དང་།ཡར་བརྩོན། འགན་འཁུར་བཅས་བྱེད་དགོས་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་ཟབ་སྤེལ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དང་། གཞི་རིམ་གྱི་ལས་བྱེད་པས་ལས་དོན་སྒྲུབ་པར་ཆ་རྐྱེན་བཟང་པོ་བསྐྲུན་དགོས་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་དངོས་སུ་བསྒྱུར་བར་ཁྲིད་སྟོན་བྱེད་དགོས་པ། ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་དང་ཆད་གཅོད་བྱས་ཏེ་རུལ་སུངས་འབྱུང་བའི་ཆ་རྐྱེན་ཟམ་མི་ཆད་པར་མེད་པར་བཟོས་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་འབྱུང་ཁམས་གཏོད་དགོས་ཞེས་གསུངས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།

ལི་ཀན་ཅེ་དང་ཧོ་ལི་ཧྥེང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།

(བུ་ཆུང་དང་བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-26 6 6 拉萨日报藏文 c180094.html 1 /enpproperty-->