ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གངས་ལྗོངས་སྐར་མའི་གོ་ལའི་གནམ་དཔྱད་ཉམས་ལེན་ཁང་དང་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པ་མཉམ་སྐྲུན་གྱི་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་དང་། མཉམ་སྐྲུན་གྱི་མཉམ་ལས་མ་ལག་བརྒྱུད་ལྷ་ས་གྲོང་ཁྱེར་དང་རང་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་མར་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྣམ་གྲངས་དང་། རང་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་གྲྭའི་ཚན་རིག་ཁྱབ་གདལ་གྱི་སྤུས་རྟགས་དང་དེ་བཞིན་ཚན་རིག་ཁྱབ་གདལ་གྱི་ཤུགས་རྐྱེན་ལྡན་པའི་དཔེ་སྟོན་རྣམ་གྲངས་མཉམ་དུ་བསྐྲུན་ཡོད་པ་རེད།
མཛད་སྒོའི་ཐོག ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པའི་དགེ་སློབ་བརྒྱ་ལྷག་ཙམ་གྱིས་གངས་ལྗོངས་སྐར་མའི་གོ་ལའི་གནམ་དཔྱད་ཉམས་ལེན་ཁང་ལ་ལྟ་སྐོར་བྱས་པ་དང་།ཡུལ་སྐོར་སྣེ་ཤན་པས་ཚང་མར་གཞི་རྩའི་གནམ་དཔྱད་ཤེས་བྱ་མང་པོར་འགྲེལ་བཤད་བརྒྱབ་པ། སྐར་མའི་གནས་ཡུལ་ཇི་ལྟར་འཇལ་རྒྱུ་དང་ཉི་འཛིན་དང་ཟླ་འཛིན་ལ་ལྟ་དཔྱད་ཚད་ལེན་ཇི་ལྟར་བྱ་རྒྱུ་སོགས་ཀྱི་ཐད་སློབ་མ་ཚོའི་གནམ་དཔྱད་རིག་པ་འཚོལ་ཞིབ་བྱེད་པའི་སྤྲོ་སྣང་ཆེས་ཆེར་འཕེལ་ཡོད། ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པའི་སློབ་མ་བསྟན་འཛིན་རྒྱལ་པོས་ངས་ནན་ཏན་གྱིས་དཔེ་དབྱིབས་འདི་དག་ལ་བལྟས་པས་ངོ་མ་དང་འདྲ་པོ་འདུག་ལ། ཡུལ་སྐོར་སྣེ་ཤན་པས་འགྲེལ་བཤད་བརྒྱབ་པ་བརྒྱུད། ང་ཚོའི་རྒྱལ་ཁབ་ཀྱི་གནམ་དཔྱད་ལག་རྩལ་ཧ་ཅང་སྔོན་ཐོན་ཡིན་པ་དེ་བས་ཤེས་རྟོགས་བྱུང་ལ། དེང་རབས་ཅན་གྱི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་ཚན་རིག་སློབ་སྦྱོང་ཡག་པོ་བྱས་ཏེ། ཚན་རྩལ་འཕེལ་རྒྱས་གཏོང་ཆེད་རང་ཉིད་ཀྱི་ནུས་ཤུགས་ཕྲན་བུ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་གངས་ལྗོངས་སྐར་མའི་གོ་ལའི་གནམ་དཔྱད་ཉམས་ལེན་ཁང་དང་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པའི་མཉམ་ལས་ཀྱིས་སློབ་མའི་ཚོགས་སྤྱིའི་ཁྲོད་ཚན་རྩལ་ཁྱབ་གདལ་སློབ་གསོ་ཁྱབ་གདལ་གཏོང་ཚད་དང་། དེ་བཞིན་ཚན་རྩལ་ཁྱབ་གདལ་གྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། མཉམ་ལས་ཀྱི་ནང་དོན་ནང་སློབ་ཚན་ཞིབ་འཇུག་གསར་སྤེལ་དང་།ཚན་རིག་ཁྱབ་གདལ་སློབ་གྲྭར་སྤེལ་བ། རིམ་པ་ཁག་གི་ཚན་རྩལ་མཐུན་ཚོགས་ཀྱི་རྣམ་གྲངས་སྤེལ་བ། ཚན་རིག་ཞིབ་འཇུག་གི་ཞིབ་འཇུག་བྱ་གཞི་མཉམ་སྐྲུན། དེ་བཞིན་ཚན་རྩལ་ཁྱབ་གདལ་ཞིབ་འཇུག་དང་སློབ་སྦྱོང་སོགས་ཕྱོགས་མང་པོ་ཚུད་ཡོད། ཚན་པ་དེ་གཉིས་ཀྱིས་ཀྱང་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་ཐུན་མོང་ཐོག་ཚན་རིག་ཁྱབ་གདལ་སློབ་གསོའི་སྣེ་ཁྲིད་དེ་ཁོངས་གཏོགས་ཀྱི་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱ་རྒྱུའི་རེ་བ་ཡོད། མིག་སྔར།གངས་ལྗོངས་སྐར་མའི་གོ་ལའི་གནམ་དཔྱད་ཉམས་ལེན་ཁང་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་དམིགས་པའི《ང་ནི་གནམ་དཔྱད་རིག་པ“STAR”》ཞེས་པའི་གནམ་དཔྱད་ཚན་རྩལ་ཁྱབ་གདལ་སློབ་ཚན་དང《“གཉིས་ཡང”ཚོད་ལྟའི་སློབ་ཚན》གྱི་རིག་ཚན་ལས་བརྒལ་བའི་ཚོད་ལྟའི་སློབ་ཚན་གྱི་ཇུས་འགོད་ལེགས་གྲུབ་ཟིན་པ་དང་།ཞིབ་འཇུག་གསར་སྤེལ་བྱས་པའི་སློབ་ལོ་དམའ་བའི་ཞིབ་འཇུག་སློབ་སྦྱོང་གི་སློབ་ཚན《ང་དང“ནམ་མཁའི་སྐར་མ”》ཞེས་པའི་ནང་གནམ་དཔྱད་རྒྱང་ཤེལ་ལ་དགའ་པོ་བྱེད་མཁན་ལ་ཁ་ཕྱོགས་པའི《གནམ་དཔྱད་རྒྱང་ཤེལ་བེད་སྤྱོད》དང་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི《ཀྲུང་ཧྭའི་གཅེས་ནོར་བོད་ཀྱི་གནམ་དཔྱད་སྐར་རྩིས》སོགས་ཞིབ་འཇུག་སློབ་སྦྱོང་གི་སློབ་ཚན་གསར་སྤེལ་བྱས་ནས་འགྲེམས་ཁང་དང་སློབ་གྲྭའི་མཉམ་ལས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社