ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་གྲོང་གི་མཐོ་རྒྱུགས་ཀྱི་གཟུགས་པོའི་བརྟག་དཔྱད་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཟླ་4ཚེས་15ཉིན་ནི་ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་གི་གཟུགས་པོའི་བརྟག་དཔྱད་དུས་ཚོད་ཡིན། ཉིན་དེར་གསར་འགོད་པར་རང་གྲོང་གི་མཐོ་རྒྱུགས་ཀྱི་གཟུགས་པོའི་བརྟག་དཔྱད་བྱ་ཡུལ་ཏེ། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་སྨན་ཁང་ནས་རང་གྲོང་གི་མཐོ་རྒྱུགས་ཀྱི་གཟུགས་པོའི་བརྟག་དཔྱད་ལས་དོན་སྔོན་དཔག་བྱས་ན་ཟླ་5ཚེས་7ཉིན་མཇུག་འགྲིལ་རྒྱུ་དང་ད་ལོ་རང་གྲོང་དུ་མཐོ་རྒྱུགས་ཀྱི་གཟུགས་པོའི་བརྟག་དཔྱད་ནང་ཞུགས་པའི་རྒྱུགས་སྤྲོད་སློབ་མ་8627ཡོད་པ་ཤེས་རྟོགས་བྱུང་ཡོད།
ཉིན་དེའི་སྔ་དྲོའི་ཆུ་ཚོད་11པར་གསར་འགོད་པར་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་སྨན་ཁང་ནས་ལྷ་ས་གྲོང་ཁྱེར་རྒྱུགས་ལེན་ལྟེ་གནས་དང་། ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་། སྨན་ཁང་བཅས་ཀྱི་ལས་དོན་མི་སྣས་སློབ་མ་སྒྲིག་འཛུགས་བྱས་ནས་གོ་རིམ་ལྡན་པའི་ངང་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ་མཐོང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་རྒྱུགས་ཀྱི་གཟུགས་པོའི་བརྟག་དཔྱད་ནང་མིག་ནད་ཚན་ཁག་དང་། ཁོག་ནད་ཚན་ཁག ཕྱི་ནད་ཚན་ཁག རྣ་སྣ་མིད་པའི་ཚན་ཁག ཁ་ནད་ཚན་ཁག འགྱེད་འཕྲོ་ཚན་ཁག མཆིན་ནུས་ཀྱི་ཁྲག་འཐེན་པའི་བརྟག་དཔྱད(མཆིན་ཚད་ཁ་པའི་ཕྱི་ངོས་གདོད་འགོག་ཚུད་མེད)གཅིན་གཤེར་རྒྱུན་སྲོལ་བརྟག་དཔྱད་བཅས་རྣམ་གྲངས་8ཚུད་ཡོད།
ལྷ་ས་གྲོང་ཁྱེར་གྱི་མཐོ་རྒྱུགས་ཀྱི་གཟུགས་པོའི་བརྟག་དཔྱད་ལས་དོན་གྱི་འགན་འཁུར་བ་བློ་བཟང་གིས་ལྷ་ས་གྲོང་ཁྱེར་གྱི་མཐོ་རྒྱུགས་ཀྱི་གཟུགས་པོའི་བརྟག་དཔྱད་དེ་རིང་ནས་དངོས་སུ་འགོ་ཚུགས་ཤིང་། དེ་རིང་བཀོད་སྒྲིག་བྱས་པ་ནི་ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་གི་སློབ་མ་ཡིན་པ་དང་། སང་ཉིན་ལྷ་ས་སློབ་འབྲིང་ཡིན། དེ་ནས་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མ་ཞིབ་བཤེར་ནང་ཞུགས་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ཟླ་5ཚེས་7ཉིན་མཇུག་འགྲིལ་རྒྱུ་རེད་ཅེས་བཤད་པ་རེད།
དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་གཟུགས་པོའི་བརྟག་དཔྱད་གཞུང་དོན་ཁང་གི་ཀྲུའུ་རེན་ཤེ་ཧའེ་ཏུང་གིས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་རྣམས་ལ་དྲན་སྐུལ་ཞུ་རྒྱུར་མཐོ་རྒྱུགས་ཀྱི་གཟུགས་པོའི་བརྟག་དཔྱད་ནི་སྤྱིར་བཏང་གི་གཟུགས་པོའི་བརྟག་དཔྱད་ཅིག་ཡིན་པས། རྒྱུན་ལྡན་གྱི་བཟའ་བཏུང་དང་རྒྱུན་ལྡན་གྱི་སེམས་ཁམས་རྒྱུན་འཁྱོངས་བྱེད་དགོས། གཟུགས་པོར་བརྟག་དཔྱད་མ་བྱས་གོང་གི་ཉིན་འགའི་ནང་ཟ་འཐུང་ཚད་མེད་བྱེད་མི་ཉན་ལ། ཆང་རག་ཀྱང་འཐུང་མི་ཉན། གཟུགས་པོར་བརྟག་དཔྱད་མ་བྱས་གོང་གི་ཉིན་དེའི་དགོང་མོའི་ཆུ་ཚོད་10པའི་རྗེས་སུ་ཟ་མ་བཟའ་ཆོག་གི་མེད། རྒྱུགས་སྤྲོད་སློབ་མས་གཟུགས་པོར་བརྟག་དཔྱད་བྱེད་རིང་། གཟུགས་པོའི་བརྟག་དཔྱད་ཀྱི་ལས་དོན་ལ་ལྟ་སྟངས་ནན་ཏན་འཛིན་དགོས་པ་དང་། གཟུགས་པོར་བརྟག་དཔྱད་བྱེད་པའི་སྨན་པའི་མཛུབ་ཁྲིད་ལ་ཉན་རྒྱུའི་རེ་བ་ཡོད། ལྷག་པར་དུ་དྲན་སྐུལ་ཞུ་རྒྱུར་མཐོ་རྒྱུགས་ཀྱི་གཟུགས་པོའི་བརྟག་དཔྱད་ནི་རྒྱུགས་སྤྲོད་སློབ་མས་ཆེད་ལས་ལ་མིང་ཐོ་འགོད་པ་དང་འབྱུང་འགྱུར་ལས་ཞུགས་བྱ་རྒྱུར་སྲུང་སྐྱོབ་བྱེད་པའི་བྱ་ཐབས་ཤིག་ཡིན། དཔེར་ན། རྒྱུགས་སྤྲོད་སློབ་མའི་མིག་ཤེད་ལ་སྐྱོན་ཡོད་པར་མིག་ཤེད་ཀྱི་ཆ་རྐྱེན་ངེས་ཅན་ཡོད་པའི་ཆེད་ལས་ཐོ་བཀོད་ཚེ། སློབ་ཆེན་དང་སློབ་གླིང་གིས་མི་བསྡུ་པའི་གནས་ཚུལ་ཐོན་སྲིད་ཅེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社