ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པ་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གི་ལས་དོན་མི་སྣ་དང་མཉམ་དུ་སེ་ར་བྱང་ལམ་གྱི་གངས་ལྗོངས་མུ་ཏིག་ཁུལ་ཆུང་དུ་སྐྱོད་དེ་དུས་འགོའི་དམར་རྗེན་དུ་བཏོན་པའི་གནད་དོན་དག་ཐེར་དང་དོན་འཁྱོལ་བྱས་ཚུལ་ལ་སླར་ཡང་ཕྱིར་མིག་བལྟས་པས་ཤེས་དཔལ་མི་ལྡན་པའི་སྣང་ཚུལ་ཁག་གཅིག་སྔར་བཞིན་གནས་པ་ཤེས་རྟོགས་བྱུང་ཡོད།
ཁུལ་ཆུང་དུ་སླེབས་མ་ཐག་གསར་འགོད་པས་གད་སྙིགས་དབྱུགས་སར་གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱས་མེད་པ་དང་། རི་ལྟར་སྤུངས་ནས་དྲི་ངན་གང་སར་འཐུལ་བཞིན་ཡོད་པ་དང་། སྲང་ལམ་དུ་འཛུགས་སྐྲུན་གྱི་གད་སྙིགས་དང་ལུས་སྦྱོང་ཡོ་བྱད་རྙིང་པ་སོགས་དངོས་པོ་རྩག་རྩིག་སྤུངས་ཡོད་པ་མཐོང་བྱུང་། དེ་རྗེས་གསར་འགོད་པས་སྐབས་བསྟུན་ངང་ཐོག་ཁང་ཁག་གཅིག་ཏུ་བསྐྱོད་པས་ཅ་ལག་རྩག་རྩིག་སྤུངས་བའི་སྣང་ཚུལ་ལྡན་པ་ཤེས་རྟོགས་བྱུང་ཡོད།
ཁུལ་ཆུང་གི་འཛུགས་སྐྲུན་ཐོག་ཁང་ཞིག་གི་ཤེལ་སྒོ་རྒྱ་ཁྱོན་ཆེན་པོས་ཆག་ཡོད་པ་དང་། གྲོང་མི་ཁག་གཅིག་གིས་རང་མཚམས་ངང་གློག་སྐུད་འཐེན་ནས་གློག་སྒུལ་འཁོར་རིགས་ལ་གློག་གསོག་པ། སྟར་པ་ཁག་གི་སྒོ་འགྲམ་དུ་ཕུ་དམ་ནང་བླུགས་པའི་རྡོ་སྣུམ་གཤེར་འགྱུར་སོལ་རླངས་བཞག་ཡོད་པས་ཁུལ་ཆུང་གི་མཛེས་ལྗོངས་ལ་གནོད་པར་མ་ཟད། བདེ་འཇགས་ལ་གནོད་པའི་རྐྱེན་ངན་ཡང་ཆེན་པོ་ལྡན་ཡོད། གཞན་ཡང་ཁུལ་ཆུང་དེའི་སྔོ་ལྗང་ལ་གཏོར་བཤིག་ཕོག་པའི་སྣང་ཚུལ་ཐོན་ནས་ས་ཆ་མི་ཉུང་བ་ཞིག་ལ་སྔོ་ལྗང་མེད་པ་དང་། ས་དམར་ཧྲེང་དུ་གྱུར་པ། གྲོང་མི་ཁག་གཅིག་གིས་སྔོ་ལྗང་ཁུལ་ཧམ་བཟུང་བྱེད་པའི་སྣང་ཚུལ་ཐོན་བཞིན་ཡོད་པ་རེད།
དམར་རྗེན་དུ་འདོན་རྒྱུ་ནི་དམིགས་ཡུལ་མིན་པར། ཁུལ་ཆུང་གི་ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པ་དང་ལྷ་ས་འདི་ཉིད་སྔར་བས་ཤེས་དཔལ་ལྡན་པར་བྱ་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན། ང་ཚོས་ལག་གདང་སྦྲེལ་ནས་ཤེས་དཔལ་ལག་ལེན་བསྟར་མཁན་དང་ཁྱབ་སྤེལ་གཏོང་མཁན་བྱས་ཏེ་གྲལ་འགྲིག་པ་དང་། གོ་རིམ་ལྡན་པ། ཤེས་དཔལ་ལྡན་པ་བཅས་ཀྱི་གྲོང་ཁྱེར་གྱི་ཁོར་ཡུག་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། དམར་རྗེན་དུ་འདོན་པའི་སྟེགས་བུས་མང་ཚོགས་ཀྱིས་གཅིག་སྡུད་ཐོག་བཏོན་པའི་གནད་དོན་ལ་དམིགས་ཏེ་ཤེས་དཔལ་མི་ལྡན་པའི་སྣང་ཚུལ་ཡོངས་བསྒྲགས་ངང་དམར་རྗེན་དུ་འདོན་རྒྱུ་དང་གྲོང་མི་མང་ཚོགས་ཀྱིས་ཀྱང་ལྷ་ས་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གི་ཡིག་སྒམ་ls-bwmxwbg@126.comབརྒྱུད་ཐེར་འདོན་བྱེད་ཆོག་གི་ཡོད་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社