འབྲི་ཆུའི་ཟུར་གསུམ་གླིང་གི་སྨན་བཅོས་འགན་བཅོལ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་གྲོང་མིའི་རེ་སྒུག་བྱེད་ས་དེ་སྒྱུར་བཅོས་ཀྱི་འགག་གནད་སྒྲོལ་སར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད།2018ལོར་ཧྲང་ཧའེ་ཡིས་ཅང་སུའུ་དང་།ཀྲེ་ཅང་།ཨན་ཧུའེ་བཅས་ཞིང་ཆེན་གསུམ་གྱི་སྨན་བཅོས་འགན་བཅོལ་ཅུས་དང་མཉམ་དུ་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྒོ་བསྟེན་སྨན་རིན་ཐད་ཀར་རྩིས་ཞུ་བྱེད་པའི་ཚོད་ལྟ་བྱས་པ་དང་།མིག་སྔར་དམངས་ཕན་ཞབས་ཞུ་དེ་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གྲོང་ཁྱེར་41གི་སྨན་བཅོས་སྒྲིག་གཞི་ཁྲི་2.45དང་འབྲེལ་བ་ཡོད་པ་དང་།རིམ་རྩིས་བྱས་ན་མི་ཐེངས་ཁྲི་3300ལས་བརྒལ་བ་རྩིས་ཞུ་བྱས་ནས་མང་ཚོགས་ཀྱིས་སྔ་འདོན་བྱེད་ཚད་སྒོར་དུང་ཕྱུར་56ཙམ་ཉུང་དུ་བཏང་ཡོད།
ཉེ་བའི་ལོ་ཤས་རིང་།སྨན་བཅོས་འགན་བཅོལ་གཞི་གཅིག་ཅན་གྱིས་འབྲི་ཆུའི་ཟུར་གསུམ་གླིང་གི་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་བཏང་བར་མ་ཟད།ད་དུང་དཔེ་སྟོན་ཁུལ་གྱི་ཞབས་ཞུའི་ཕན་ནུས་རིམ་སྤོར་བྱས་ཏེ་གྲོང་མི་རྣམས་ལ་གཞི་གཅིག་ཅན་གྱི་ཕན་ཡོན་མིག་མཐོང་ལག་ཟིན་བྱུང་ཡོད།
ན་ནིང་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཅང་ཆུས་ནས་ལས་འཁྱུར་ངལ་གསོ་བརྒྱབ་པའི་ཨ་ཅག་ལུའུ་ལགས།ད་ཆ་བུ་ཕྲུག་དང་མཉམ་དུ་ཧྲང་ཧའེ་གྲོང་ཁྱེར་ཆིང་ཕུའུ་ཁུལ་དུ་བསྡད་ཡོད། ཁོ་མོར་ཁྲག་ཤེད་མཐོ་བའི་ནད་ཡོད་པས་ཧྲང་ཧའེ་ལ་མ་ཡོང་གོང་རང་གྲོན་བཏང་ནས་སྨན་བཅོས་བྱ་རྒྱུར་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།འོན་ཀྱང་ཁོང་གིས་ཡུལ་དངོས་སུ་ཁྲག་ཤེད་གཅོག་པའི་སྨན་ལེན་སྐབས། ཝུའུ་ཅང་ནས་སྨན་ལེན་པ་དང་ཁྱད་པར་གང་ཡང་མེད་པས་ཁོང་བློ་བདེ་བག་ཕེབས་ངང་འཚོ་བ་སྐྱེལ་རྒྱུ་བྱུང་བར་མ་ཟད།ཁོང་དང་འདྲ་བར་ཞིང་ཆེན་སྒྲོལ་ནས་སྡོད་པའི་རོགས་ཟླ་རྒན་གྲས་ཚོར་མཉམ་སྤྱོད་ཀྱང་བྱས་པ་རེད།
ཨ་ཅག་ལུའུ་ལགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན།ཁོང་གིས་ཝུའུ་ཅང་སྨན་བཅོས་འགན་བཅོལ་གྱི་བྱང་བུ་འཁྱེར་ནས་ཧྲང་ཧའེ་གྲོང་ཁྱེར་ཆིང་ཕུའུ་ཁུལ་དུ་ཀྲུའུ་ཅ་ཅའོ་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་སྐབས་ཐོ་འགོད་འགྲོ་ལུགས་གཉེར་མི་དགོས་པར་ཨང་ཀི་བཀག་ས་ནས་འགོ་བཙུགས་ཏེ་འཁོན་ཐོགས་མེད་པརསྨན་བཅོས་ཐུབ་པ་དང་། སྨན་ཁང་བསྟན་ཚར་རྗེས་སྨན་བཅོས་འགན་བཅོལ་བྱང་བུ་སྤྱད་དེ་སྨན་གྱི་འགྲོ་གྲོན་ཐད་ཀར་རྩིས་རྒྱག་ཆོག་གི་ཡོད་པ་རེད།དེ་ཙམ་མ་ཟད།སྨན་ཁང་ཐེངས་གཅིག་བསྟན་ཚར་རྗེས་ད་དུང་ཁྱིམ་ནས་ཕྱིར་བསྐྱོད་མི་དགོས་པར་དྲ་ཐོག་ཏུ་སྨན་བཅོས་བསྐྱར་མ་བྱེད་ཆོག་པར་མ་ཟད།སྨན་བཅོས་འགན་བཅོལ་ལ་བརྟེན་ནས་ཐད་ཀར་རྩིས་ཞུ་ཡང་བྱེད་ཆོག་པས།སེམས་ཁྲལ་གཏན་ནས་བྱེད་དགོས་ཀྱི་མེད་པ་རེད།
ཨ་ཅག་ལུའུ་ལགས་སྡོད་སའི་སུའུ་ཀྲོའུ་ཝུའུ་ཅང་དང་།ཧྲང་ཧའེ་ཆིང་ཕུའུ།དེ་བཞིན་ཉེ་འགྲམ་གྱི་ཀྲེ་ཅང་ཞིང་ཆེན་ཅ་ཤིང་གྲོང་ཁྱེར་ཅ་ཧྲན་རྫོང་བཅས་ཀྱིས་འབྲི་ཆུའི་ཟུར་གསུམ་གླིང་གི་འབྱུང་ཁམས་ལྷད་མེད་གཞི་གཅིག་ཅན་གྱི་འཕེལ་རྒྱས་དཔེ་སྟོན་ཁུལ་བཙུགས་ཡོད།
གསར་འགོད་པས་ཆིང་ཕུའུ་ཆུས་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།2020ལོའི་ཟླ་8པ་ནས་བཟུང་དཔེ་སྟོན་ཁུལ་ནང་གི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་དོན་དག་ལྔ་ལ་སྐུལ་འདེད་བཏང་བ་སྟེ།ས་ཁོངས་ནང་གི་སྨན་བཅོས་ཐོ་འགོད་མི་དགོས་པ་དང་།གཉེར་སྒྲུབ་ཞབས་ཞུའི་གཅིག་འཐུས་རྣམ་པའི་སྨན་བཅོས་དང་།གཅོང་ནད་དམིགས་བསལ་ནད་ཀྱི་རྩིས་ཞུ་བྱེད་པ།དྲ་ཐོག་སྨན་བཅོས་འགན་བཅོལ་གྱི་དྲ་ཐོག་གཏོང་སྤྲོད་བྱེད་པ།ས་ཆ་གཞན་གྱི་ཞིབ་དཔྱད་མཐུན་སྦྱོར་ཅན་ཡིན་པ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་གཅིག་མཚུངས་ཅན་མངོན་གྱུར་བྱུང་སྟབས།གྲོང་མིར་བདེ་ཐང་ཐད་ཀྱི་ཐོབ་སྣང་བྱུང་ཡོད་པ་རེད།
2023ལོའི་ཟླ་9པ་ནས་བཟུང་།དཔེ་སྟོན་ཁུལ་ནང་གི་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སིལ་ཚོང་སྨན་ཁང་872ཚང་མར་ས་ཆ་གཞན་དུ་སྨན་ཉོ་བར་ཐོ་འགོད་སྙན་སེང་ཞུ་མི་དགོས་པར་ཐད་ཀར་རྩིས་ཞུ་ཐུབ་པ་དེའི་ཐོག་ནས་ས་ཁུལ་གསུམ་གྱི་གྲོང་མིས་ས་གནས་གཞན་གྱི་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་ཀྱི་སྨན་ཚོང་ཁང་ནས་སྨན་ཉོ་སྐབས་སྤྱི་ཚོགས་འགན་སྲུང་བྱང་བུ་དང་ཡང་ན་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་སྤྱད་དེ་ཐད་ཀར་རྩིས་ཞུ་བྱེད་ཆོག་པ་མཚོན་ཡོད་པ་རེད།འདི་ལོའི་ཟླ་གསུམ་པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་མི་ཐེངས་7186ལ་རྩིས་ཞུ་བྱས་པར་སྒོར་ཁྲི་135.56ཟིན་ཡོད་པ་རེད།
ལས་རིགས་ནང་ཁུལ་དུ་ངོས་འཛིན་བྱུང་དོན།འབྲི་ཆུའི་ཟུར་གསུམ་གླིང་གི་སྨན་བཅོས་འགན་བཅོལ་གཞི་གཅིག་ཅན་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་ནས་འབྲི་ཆུའི་ཟུར་གསུམ་གླིང་གི་མང་ཚོགས་ས་ཁོངས་སྒྲོལ་ནས་ལས་ཀ་དང་འཚོ་བའི་དགོས་མཁོ་ནུས་ལྡན་ངང་བསྐངས་ཏེ།འབྲི་ཆུའི་ཟུར་གསུམ་གླིང་གི་ས་ཁོངས་ནང་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་ཐོག་ས་ཁོངས་ནང་གི་ངལ་རྩོལ་ནུས་ཤུགས་ཀྱི་རྒྱུ་རྐྱེན་གཙོ་བོ་རང་མོས་ངང་འཁོར་སྐྱོད་བྱ་རྒྱུར་ཆ་རྐྱེན་བཏོད་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྔར་བས་རོགས་རམ་ཐུབ་ཡོད་པ་རེད།
དཔེར་ན།ཆིང་ཕུའུ་ཆུས་ནི་ཟོག་འགྲེམས་སྤྱི་ཁྱབ་པུའུ་གཅིག་སྡུད་ཁུལ་ཡིན་པ་དང་།ཅ་ཧྲན་དང་ཝུའུ་ཅང་ནས་ཡོང་བའི་མྱུར་སྐྱེལ་བ་མི་ཉུང་བ་ཞིག་ཡོད་པ་དེ་དག་ནི་ཆར་རླུང་ཁྲོད་དུ་རྟག་པར་བསྐྱོད་དགོས་པར་བརྟེན་སྐབས་འགར་ཆམ་པ་ཕོག་སྐབས་གཙོ་བོ་ཐད་ཀར་སྨན་ཚོང་ཁང་ནས་སྨན་ཉོས་ཏེ་བཟའ་ཡི་ཡོད།ད་ཆ་ཁུལ་བརྒལ་ནས་སྨན་བཅོས་འགན་བཅོལ་བྱང་བུ་སྤྱོད་ཆོག་པར་མ་ཟད།སྨན་བཅོས་འགན་བཅོལ་བྱང་བུ་འཁྱེར་མེད་ཀྱང་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་སྤྱད་དེ་ཐད་ཀར་སྨན་ཁང་ནས་སྨན་ཉོ་ཆོག་གི་ཡོད་པ་རེད།
སྨན་བཅོས་འགན་བཅོལ་གྱིས་གོམ་ཆུང་ཞིག་སྤོས་པར་བསྟུན་ནས་དམངས་འཚོའི་བདེ་ཐང་ལ་གོམ་ཆེན་ཞིག་སྤོས་ཐུབ་ཡོད།འབྲི་ཆུའི་ཟུར་གསུམ་གླིང་གི་སྨན་བཅོས་འགན་བཅོལ་གྱི་བྱང་བུ་གཅིག་ཀུན་ཁྱབ་ཀྱི་རྒྱབ་ཏུ་སྨན་པ་བསྟེན་པའི་གྲངས་གཞི་མཉམ་སྤྱོད་དང་ཞིབ་དཔྱད་ཚད་གཞི་མཐུན་སྦྱོར་སོགས་ལྷུ་ཚིགས་བརྒྱ་ཕྲག་སྟོང་ཕྲག་འབྲེལ་མཐུད་བྱས་ཡོད།དེ་ནི་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གི་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་འཚམ་པར་བྱས་ནས་རེ་རེ་བཞིན་འཚོལ་ཞིབ་དང་རྣམ་གྲངས་རེ་རེ་བཞིན་སྐུལ་འདེད་བཏང་སྟེ་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མེད་པར་བཟོས་པ་ལས་བྱུང་བ་རེད།
གསར་འགོད་པས་ཧྲང་ཧའེ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།ཕྱིས་འབྱུང་ཧྲང་ཧའེ་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་སྔར་བས་བཀོད་སྒྲིག་དང་། གནད་འཁེལ་ཡོང་བ།དམངས་འཚོའི་མཐའ་ཚད་བརྟན་པོ་ཡོང་བ་བཅས་བྱས་ནས་འབྲི་ཆུའི་ཟུར་གསུམ་གླིང་གི་སྨན་བཅོས་འགན་བཅོལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་སྔར་བས་སྟབས་བདེ་དང་མཉམ་སྤྱོད་ཐུབ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་དང་།ས་ཆ་གཞན་གྱི་སྨན་ཁང་ནས་སྨན་ཉོས་ཏེ་ཐད་ཀར་རྩིས་ཞུ་དང་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་གསུམ་གཅིག་གྱུར་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་འབྲི་ཆུའི་ཟུར་གསུམ་གླིང་གི་སྨན་བཅོས་འགན་བཅོལ་གཞི་གཅིག་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་4ཚེས་6ཉིན་འབྱོར་བའི་གློག་འཕྲིན)
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社