(པར་ངོས་དང་པོར་མཐུད)དམངས་འཚོའི་ཞབས་ཞུའི་འགན་ལེན་ལས་དོན་ཁག་ཞིབ་ཚགས་བསྒྲུབས་ནས།གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྟོབས་གསར་དམག་གི་ནུས་པ་འདོན་སྤེལ་ནུས་ལྡན་ཏན་ཏིག་བྱས་པ་རེད།
སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱས་ནས།ཉིན་བརྒྱར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་ཆེན་མོ་གཏིང་ཟབ་བྱས་པ་དང་།དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ཀྱི་བསམ་འདུན་སྒྲུབ་པ།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཆ་སྒྲིག་རོགས་སྐྱོར་ལམ་སྲོལ་བཙུགས་པ།ཁོངས་གཏོགས་ཁུལ་གྱི་རྒན་རྒོན་དང་།བྱིས་པ།ནད་པ།དབང་པོ་སྐྱོན་ཅན།སྦྲུམ་མ་སོགས་ཉམས་ཞན་ཚོགས་སྤྱི་ཁག་གི་འཚོ་བའི་གནས་ཚུལ་ལ་གྲལ་བཤེར་བྱས་པ་དང་།དུས་བཀག་ནང་འཕྲོད་བསྟེན་ཁང་དང་གྲོང་ཚོའི་སྨན་པ་གདན་དྲངས་ནས་གྲོང་མིར་འོས་འགན་སྨན་བཅོས་དང་བདེ་ཐང་བློ་འདྲིའི་ཞབས་ཞུ་བསྒྲུབས་ཡོད་པ་རེད།
སྟག་རྩེ་ཆུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲངས་གཞིའི་ཐོག་ནས་གྲོང་གསེབ་ལ་ནུས་སྟོབས་སྦྱིན་པ་དང་ཚན་རྩལ་དག་མང་ཚོགས་དཀྱུས་མའི་ཁྱིམ་དུ་སྤྱོད་ཐུབ་པར་བྱས་ཡོད།རང་ངོས་ཀྱི་ཆེད་ལས་ལེགས་ཆ་དང་།ཁེ་ལས་ཀྱིས་ཁེ་བཟང་སྤྲོད་པ།སྲིད་གཞུང་གིས་ཁ་གསབ་བྱེད་པ།གྲོང་མིས་ལོངས་སྤྱོད་བྱེད་པ་བཅས་ཀྱི་མཉམ་ལས་བྱེད་སྟངས་ལ་བརྟེན་ནས་5Gཡི་སྦྲེལ་ཚུགས་དང་ཀྲའོ་སྟོང་གི་འོད་སྐུད་དྲ་བ་བཙུགས་པ་དང་།ཀྲའོ་སྟོང་གཉིས་ཀྱི་གྲངས་གཞིའི་དཔེ་སྟོན་གྲོང་གསེབ་བཏོད་ཡོད།གྲོང་ཚོ་ཨུ་ལྷན་དུ་གྲངས་གཞིའི་གྲོང་གསེབ་ཀྱི་གཅིག་སྡུད་ལས་སྟེགས་བསྐྲུན་ནས་ཆ་འཕྲིན་ཅན་གྱི་ཁྱིམ་སྲུང་སྨན་ཁང་དང་།ཚན་རྩལ་ལ་བརྟེན་ནས་གྲོང་དོན་དོ་དམ་ལ་རམ་འདེགས་བྱེད་པ།མང་ཚོགས་ལ་རིག་ནུས་ལྡན་པའི་དུས་རབས་ཀྱི་སྟབས་བདེ་ལོངས་སྤྱོད་ཐུབ་པ་བཅས་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ཏན་ཏིག་བཏང་སྟེ་མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་པ་རེད།
ལྷུན་གྲུབ་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཆེད་ལས་ལས་དོན་ཚོགས་པ་གདན་དྲངས་ནས་དལ་བའི་རང་བཞིན་གྱི་ནད་ཕོག་པའི་ཁྱིམ་ཚང་དང་།སློབ་མའི་ཁྱིམ་ཚང་།གནས་སྤོའི་ཁྱིམ་ཚང་བཅས་སུ་བསྐྱོད་དེ་མང་ཚོགས་ཀྱི་བདེ་སྡུག་ཉན་པ་དང་།སྨན་པ་བསྟེན་པ་དང་།ལས་ཞུགས།སྡོད་ཁང་།རྒན་གསོ་སོགས་ཐད་འཕྲད་པའི་དཀའ་ངལ་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ།ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་ནན་ཏན་བྱས་པ།མང་ཚོགས་ལ་དམངས་འཚོའི་གནད་དོན་ཁག་5ཡི་གནས་ཚུལ་13ཐག་གཅོད་བྱེད་རོགས་བྱས་པ་རེད།
མལ་གྲོ་གུང་དཀར་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དྲིལ་བསྒྲགས་ལས་དོན་གཏིང་ཟབ་སྤེལ་རྒྱུ་དང་ལས་འགན་ཁག་ཟུང་འབྲེལ་བྱས་ནས་གཞི་རིམ་གྱི་དམག་ཧྲག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་།སྒྲོག་འགྲེལ་དང་སྙིང་གཏམ་ཟུང་འབྲེལ་དང་།རིགས་པའི་གཞུང་ལུགས་དང་ཁྱིམ་གྱི་གནས་ཚུལ་ཟུང་འབྲེལ།སྒྲོག་འགྲེལ་ཆུང་གྲས་དང་བྱ་བ་དངོས་སྒྲུབ་པ་ཟུང་འབྲེལ་སོགས་ཀྱི་རྣམ་པའི་ཐོག་ནས་ཞིང་ནང་དང་མུ་ཁར་བསྐྱོད་པ་དང་།འབྲོག་ར་དང་སྦྲ་གུར་དུ་བསྐྱོད་དེ་འཚོ་བའི་སྐོར་གླེང་བའི་ཐོག་ནས་གནས་ལུགས་ཆེན་པོར་འགྲེལ་བཤད་བརྒྱབ་པ་དང་།དཀའ་གནད་སེལ་བར་བརྟེན་ནས་དམངས་འཚོའི་དྲོ་སྐྱིད་ཤུགས་ཆེར་བཏང་བ།མཉམ་འགུལ་རྣམ་པའི་སྒྲོག་འགྲེལ་ཐེངས་200ལྷག་ཙམ་བྱས་པ།དམངས་འཚོའི་བྱ་བ་དངོས་100ལྷག་ཙམ་ཐག་གཅོད་བྱས་པ་རེད།
སྙེ་མོ་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་སེམས་རྩ་འཁོལ་བའི་ཞབས་ཞུ་རུ་ཁག་བཙུགས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་གཅིག་གཏད་གཅིག་གི་ཐོག་ནས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་དང་།ནད་པ།དབང་པོ་སྐྱོན་ཅན།སྦྲུམ་མ་བཅས་ཀྱི་ཉམས་ཞན་ཚོགས་སྤྱིར་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་།ཞིང་ལས་བྲེལ་བ་ཆེ་དུས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་མཉམ་འབྲེལ་བྱས་ནས་གྲོ་ནས་བརྔ་བསྡུ་དང་ཞོག་ཁོག་སྔོག་རོགས་བྱས་པ།ཞིང་ལས་དལ་དུས་དུད་ཚང་དུ་བསྐྱོད་དེ་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་པ།དམིགས་བསལ་མི་ཚོགས་ལ་ཚབ་སྒྲུབ་བྱེད་རོགས་བྱས་པ།མི་སྤྱི་དང་ཞིང་ལས་དངུལ་ཁང་སོགས་ཀྱི་ཚན་པའི་ལས་དོན་པ་གདན་འདྲེན་ཞུས་ནས་ཁྱིམ་སྐྱོད་ཞབས་ཞུ་བསྒྲུབས་པ།ཞིང་འབྲོག་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ཁང་བཙུགས་ནས་སྒོ་རྩར་བསྐྱོད་དེ་མང་ཚོགས་མི་ཐེངས་10ལ་ཞབས་ཞུ་བསྒྲུབས་པ་དང་།མང་ཚོགས་ཀྱི་དཀའ་གནད་30ལྷག་ཙམ་བསལ་བ།འགལ་བ་དང་རྩོད་གཞི་10འདུམ་འགྲིག་བྱས་པ།གྲོང་མིའི་ལས་མིའི་གླ་ཆ་སྒོར་ཁྲི་130ལྷག་ཙམ་འགྱངས་ཆད་ཀྱི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ།རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་པ་བཅས་རེད།
དགུན་ཁའི་གུང་གསེང་རིང་ཁྲེང་ཀོན་ཆུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཁོངས་གཏོགས་ཁུལ་གྱི་ཕྲུ་གུའི་གུང་གསེང་རིང་བ་དང་ཕ་མར་ལྟ་རྟོག་བྱེད་པའི་དུས་ཚོད་མེད་པའི་དོན་དངོས་ལ་གཞིགས་ཏེ།ཁོངས་གཏོགས་ཁུལ་གྱི་ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་བྱས་ནས་སྤྱི་ཚོགས་ལས་དོན་པ་དང་།ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་བཅས་སྒྲིག་འཛུགས་བྱས་ཏེ།ཆེད་ལས་སྤྱི་ཚོགས་རྩ་འཛུགས་དང་།སྡེ་ཁུལ་གྱི་མཉམ་སྡེབ་པ།སློབ་ཆེན་སློབ་མའི་དང་བླངས་པ་བཅས་ཟུང་འབྲེལ་གྱི་སྤྱི་ཕན་ཟུར་ཁྲིད་དོ་དམ་འཛིན་གྲྭ་བཙུགས་ནས།གུང་གསེང་གི་སློབ་གསོ་དེ་སྡེ་ཁུལ་དང་ཁྱིམ་ཚང་གིས་མཉམ་དུ་དོ་དམ་བྱེད་པའི་བདེ་འཇགས་ཀྱི་ཁོངས་སུ་བཅུག་པ་རེད།
དེ་དང་ཆབས་ཅིག་ཁྲེང་ཀོན་ཆུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་དང་།ཚོང་ཁང་།གྲོང་མིའི་སྡོད་ཁུལ་དུ་འབར་རླངས་ལ་བརྟག་དཔྱད་བྱས་ནས་བདེ་འཇགས་ངང་སྤྱོད་ཐུབ་པའི་འགན་ལེན་བྱས་པ་དང་འབྲེལ།སྡེ་ཁུལ་གྱི་ལས་དོན་པས་སོལ་རླངས་སྤྱོད་པའི་རྒྱུན་ཤེས་དང་བདེ་འཇགས་ཞིབ་བཤེར་གྱི་ཞབས་ཞུ་སོགས་ཐད་ཀྱི་གསོ་སྦྱོང་བྱས་ཏེ་གྲོང་མིའི་བདེ་འཇགས་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་བ་རེད།
གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་ཆེད།འདམ་གཞུང་རྫོང་ཆུ་ཚན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཇི་ལྟར་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་དེ་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ།བྱ་སྤྱོད་དངོས་ཀྱི་ཐོག་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་།གྲོང་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་བ། དམངས་ལ་བྱ་བ་སྒྲུབ་པ་བཅས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་ལས་འགན་ལག་བསྟར་བྱས་ཏེ་མང་ཚོགས་ཀྱི་ཚགས་ཤ་སོས་པ་རྒྱ་མ་5000ལྷག་ཙམ་ཤ་ལྕུག་བཏང་བ་དང་།ས་གནས་དེ་གའི་དྲ་ཐོག་མིང་ཅན་གདན་དྲངས་ཏེ་འཁྱུག་དབྱིངས་དང་འཕྲིན་ཕྲན་སོགས་ཀྱི་ཐབས་ལམ་བརྒྱུད་ཕྱིར་ཚོང་བྱེད་རོགས་བྱས་ཡོད།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་གིས་ཐུན་མོང་ཐོག་ཐོན་རྫས་བདམས་ཏེ་རང་འགུལ་ངང་ཐུམ་སྒྲིལ་རྒྱག་མཁན་ཞིག་བྱས་ནས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་14ལྷག་ཙམ་ཟིན་ཡོད་པ་རེད།
ཆུ་ཤུར་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་དང་མི་ཕྱུགས་ལོགས་དབྱེ་གཏོང་རྒྱུ་དེ་དམངས་འཚོའི་འདུ་འགོད་ཀྱི་ཤུགས་རྒྱག་ས་དང་ཚད་བརྒལ་བྱེད་སར་བརྩིས་ནས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་།ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་གྲྭའི་སྤུས་ཚད་འགན་ལེན་བྱས་ནས་མང་ཚོགས་ལ་སྡོད་སའི་ཁང་པ་ཡོད་པ་དང་སྡོད་དུས་བློ་བདེ་པོ་ཡོང་བའི་འགན་ལེན་བྱས་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社