分享按钮

གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གསར་བརྗེའི་སྔོན་གཤེགས་དཔའ་བོའི་མཛད་རྗེས་རླབས་ཆེན་ལ་རྗེས་དྲན་ཟབ་མོ་ཞུ་བ་དང་། རྒྱ་ཆེའི་མེ་ཟོན་རོགས་སྐྱོབ་མི་སྣས་སྔོན་གཤེགས་དཔའ་བོའི་ཕུགས་རེ་རྒྱུན་འཛིན་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱ་ཆེད། ཟླ་4ཚེས་1ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ལྷ་ས་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྐྱོད་ནས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་གྱིས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་འཕེལ་བར་བྱེད་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ཉིང་ལག་རུ་ཁག་དེའི་ལས་ཁུངས་དང་།དེ་བཞིན་གཞི་རིམ་རུ་ཁག་དང་ས་ཚིགས་ཀྱི་ཁྱོན་འཐུས་མི་70བྱེད་སྒོར་ཞུགས་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག དུར་འཕྱག་བྱེད་སྒོ་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། ཚོགས་ར་ཡོངས་སུ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་དང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲ་དབྱངས་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་གི་མཁའ་དབྱིངས་སུ་ཁྱབ་པ་རེད། དཔོན་དམག་ཡོངས་ཀྱིས་གྲལ་སྟར་ཡག་པོ་བསྒྲིགས་པ་དང་། རྣམ་འགྱུར་གཟབ་ནན། ཞྭ་མོ་ཕུད་དེ་གུས་སྟབས་ཀྱིས་ལངས་པ། སྐྱོ་སྣང་ཆེན་པོས་ངག་བསྡམས་པ་བཅས་བྱས་ནས་མྱ་ངན་ཞུས་པ་རེད།

ངག་བསྡམས་ནས་མྱ་ངན་ཞུས་རྗེས།བཀོད་འཐབ་པ་ཡོངས་ཀྱིས་རིམ་པ་བཞིན་སྔོན་གཤེགས་དཔའ་བོར་མེ་ཏོག་འབུལ་བ་དང་འབྲེལ་དྲན་གསོའི་རྡོ་རིང་ལ་བལྟས་པ་རེད། དེའི་རྗེས་སུ་ཚང་མས་གཅིག་རྗེས་གཉིས་མཐུད་ངང་ངལ་རྩོལ་གྱི་ཡོ་བྱད་འཁྱེར་ནས་སྔོན་གཤེགས་དཔའ་བོའི་བང་སོའི་མཐའ་འཁོར་གྱི་རྩྭ་ལྡུམ་མེད་པ་བཟོས་པ་དང་།རྡོ་རིང་གི་ཡི་གེ་ཕྱིས་ནས་སྔོན་གཤེགས་དཔའ་བོའི་བང་སོའི་ཉེ་འཁོར་གྱི་ཁོར་ཡུག་ལེགས་སུ་བཏང་བར་མ་ཟད།ཁོར་ཡུག་ལ་སྲུང་སྐྱོང་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུས་གནང་བ་རེད།

བྱེད་སྒོ་སྤེལ་རིང་། ཚང་མས་འགྲེལ་བཤད་པའི་ཁྲིད་སྟོན་འོག སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ལ་གོ་རིམ་ལྡན་པའི་ངང་ལྟ་སྐོར་བྱས་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྔོན་ཐོན་བྱས་རྗེས་ལ་ཞིབ་པར་ཉན་པ། སྔོན་གཤེགས་དཔའ་བོའི་འདྲ་པར་དང་ཤུལ་བཞག་ལ་བལྟས་པ། གསར་བརྗེའི་སྙིང་སྟོབས་དང་ལེན་བཅས་བྱས་པ་རེད། ད་ཐེངས་ཀྱི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོའི་ཁྲོད་བཀོད་འཐབ་པ་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བསམ་པའི་སྟོབས་ཤུགས་ལ་མྱོང་ཚོར་ཐུབ་ནས་བསམ་བློའི་ཐོག་སྦྱོང་བརྡར་གཏིང་ཟབ་ཐོབ་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་གསར་བརྗེའི་སྔོན་གཤེགས་དཔའ་བོ་མིག་དཔེར་བྱས་ནས་སྔོན་གཤེགས་དཔའ་བོའི་ཕུགས་རེ་རྒྱུན་འཛིན་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ།སྙིང་ཁོངས་རུས་པའི་གཏིང་ནས་བློ་དཀར་སེམས་དཀར་དང་། དཀའ་ངལ་ལ་མི་སྐྲག་པ། རང་སྲོག་བློས་གཏོང་བར་མི་འཛེམ་པ། དཔའ་ངར་ཆེན་པོས་ལེགས་སྐྱེས་འབུལ་བ་བཅས་ཀྱི་གསར་བརྗེའི་སྙིང་སྟོབས་དེ་དཀའ་ངལ་ཁྱད་བསད་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་ལ་བསྒྱུར་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོས་གསར་གཏོད་གནང་བའི་བྱ་གཞག་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ།དུས་རབས་གསར་པའི་མེ་ཟོན་རོགས་སྐྱོབ་བྱ་གཞག་གི་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུ་ཡིན་ཞེས་བཤད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-04 6 6 拉萨日报藏文 c178674.html 1 གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ། /enpproperty-->