(པར་ངོས་གཉིས་པར་མཐུད)ལྷ་ས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་ཀྱི་ལས་བྱེད་ལས་བཟོས་གཞི་རིམ་དུ་སྐྱོད་པ་བཞིའི་འབྲེལ་གཏུག་ས་ཚིགས་ཏེ་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གི་གདོང་དཀར་སྡེ་ཁུལ་དང་། ནམ་མཁའ་སྡེ་ཁུལ། བཀྲ་ཤིས་གླིང་སྡེ་ཁུལ་བཅས་སུ་བསྐྱོད་ནས་ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་མཉམ་དུ་གཙོ་དོན་སྒྲོག་འགྲེལ་དང་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ཏེ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་རྒྱུའི་སློབ་གསོ་བཏང་བར་མ་ཟད། ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱ་དགོས་པའི་ཁྲིད་སྟོན་བྱས་པ་རེད། གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་ཀྱི་ཅུས་ཀྲང་གཞོན་པ་མིག་དམར་བཀྲ་ཤིས་ཀྱིས་སླད་ཕྱིན་གཞི་རིམ་དུ་སྐྱོད་པ་བཞི་ང་ཚོའི་ལས་ཀའི་དམིགས་སར་བརྩིས་ནས་མི་དམངས་མང་ཚོགས་ཀྱི་དཀའ་གནད་སེལ་བ་དང་ཏང་ཨུད་དང་སྲིད་གཞུང་གི་དཀའ་ངལ་སེལ་རོགས་བྱས་ཏེ། ང་ཚོ་ཡིག་བསྐུར་ངོ་བཅར་ལས་དོན་པས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད།
རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དང་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་གཙོ་དོན་སྒྲོག་འགྲེལ་བྱས་ནས་གཞོན་ནུ་ལོ་ཆུང་ལ་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱ་རྒྱུའི་སློབ་གསོ་བཏང་སྟེ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ།རྒྱལ་ཁབ་སྟོབས་ཆེར་གཏོང་བ་བཅས་ཀྱི་བློ་སྟོབས་རྒྱུན་འཛིན་ཡག་པོ་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་མཐོ་རིམ་ལོ་རིམ་དང་པོའི་འཛིན་གྲྭ་དང་པོའི་སློབ་མ་ཚེ་རིང་བཟང་མོས་དུས་རབས་གསར་པར་འཚོ་བ་སྐྱེལ་བཞིན་ཡོད་པས་ང་ཚོས་སློབ་སྦྱོང་ཡག་པོ་བྱས་ནས་ཏང་དང་སྲིད་གཞུང་གི་བཀའ་དྲིན་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད།
ལྗོངས་དང་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་བསམ་གྲུབ་གླིང་གྲོང་ཚོར་ཁྲིམས་སྐྱོང་གཞི་རིམ་དུ་སྐྱོད་པའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་དང་། ཁྲིམས་སྐྱོང་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པའི《དམངས་ཡོངས་ཀྱི་ཁ་བསླུས་ལ་ངོ་རྒོལ་བྱེད་པ》སོགས་ཀྱི་ལེ་ཚན་སྤེལ་ནས་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྣ་ཚོགས་ལོངས་སུ་སྤྱོད་ཐུབ་པར་བྱས་པ་རེད། སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་བསམ་གྲུབ་གླིང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ནོར་བུས་དེ་རིང་གི་འཁྲབ་སྟོན་ཧ་ཅང་ཡག་པོ་འདུག ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་པར་བྱས་ཡོད། ད་ཆ་ཏང་གི་སྲིད་ཇུས་ཧ་ཅང་ཡག་པོ་འདུག མིག་སྔར་ང་ཚོའི་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་ཡོད་པས་ཏང་གི་འགོ་ཁྲིད་འོག་ང་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ཡོང་བའི་ཡིད་ཆེས་ཡོད་ཅེས་བཤད།
གླང་རུ་སྡེ་ཁུལ་དང་སྣེའུ་ཁུལ་གསར་ར་མ་སྒང་ཁྲོམ་གཞུང་ཁང་ལེ་གྲོང་མི་ཨུ་ལྷན་གྱིས་བོད་གསར་རྙིང་བསྡུར་བའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། གྲོང་མི་མང་ཚོགས་ལ་གདེང་ཚོད་དང་།རང་བརྩོན། འབད་བརྩོན་བཅས་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད། སྣེའུ་ཁུལ་གསར་ཁང་ལེ་གྲོང་མི་ཨུ་ལྷན་གྱི་གྲོང་མི་ཤི་ལོག་གིས་ཏང་དང་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་བརྒྱུད་ང་ཚོ་སྣེའུ་ཁུལ་གསར་ཁང་ལེ་གྲོང་མི་ཨུ་ལྷན་དུ་སྤོས་པ་དང་མང་ཚོགས་ཀྱི་འཚོ་བ་སོགས་ཕྱོགས་གང་ས་ཅི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས་ང་ཚོས་ངེས་པར་དུ་ཏང་གི་བཀའ་ལ་མཐའ་གཅིག་ཏུ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད།
དེ་ཉིན་སྔ་དྲོ་བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། དེ་དང་དུས་མཚུངས།འོ་བརྒྱལ་ཐང་སྡེ་ཁུལ་དང་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས་ཀྱང་རིག་རྩལ་འཁྲབ་སྟོན་བྱས་པས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་གང་སར་དགའ་སྤྲོའི་རྣམ་པས་ཁེངས་ཡོད།གྲོང་མི་བྱམས་པ་རྡོ་རྗེས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ནས་ཚང་མ་བདེ་སྐྱིད་ལྡན་པ་ཞིག་བྱུང་ཡོད། ཁོར་ཡུག་དང་ཁང་པའི་ཆ་རྐྱེན་གང་གི་ཐད་ནས་ཀྱང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་དག་ཚང་མ་ཏང་གི་བཀའ་དྲིན་ལས་བྱུང་བ་ཤ་སྟག་རེད་ཅེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社