(པར་ངོས་དང་པོར་མཐུད)2008ལོར་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་རིའི་རི་རྩེར་བརྒྱུད་སྤྲོད་བྱས་པ་དང་། 2020ལོར་ཀྲུང་གོའི་ཚད་འཇལ་རི་འཛེག་རུ་ཁག་དེ་ཇོ་རིའི་རྩེ་མོར་གྲུབ་འབྲས་ཐོབ་པའི་ངང་འཛེགས་ནས་སླར་ཡང་འཕྱུགས་མེད་ངང་ཇོ་རིའི་མཐོ་ཚད་ཚད་ལེན་བྱས་པ་སོགས་ཤིན་ཏུ་མང་། ཀྲུང་གོའི་རི་འཛེག་ཐད་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་རྒྱལ་ཁབ་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་ཚང་མའི་ཁྲོད་བོད་ཀྱི་རི་འཛེག་ལུས་རྩལ་པ་ཡོད་པ་རེད།
འབྱུང་འགྱུར་ཞིང་བྲན་ཟེར་བ་ཞིག་ཁྱོན་ནས་མེད་པ་ནས་ཇོ་མོ་གླང་མར་འཛེགས་པའི་དཔའ་བོ་གྲངས་ལས་འདས་པའི་བར་ལྕགས་སྒྲོག་གི་འཆིང་རྒྱ་ལས་ཐར་བ་དང་མི་ཚེའི་རྩེ་མོར་འཛེགས་པའི་ངོ་མཚར་ཆེ་བའི་གཏམ་རྒྱུད་དེ་ལྟ་བུ་ནི་བོད་ཀྱི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ལོ་རྒྱུས་ཀྱི་ཁ་ཕྱོགས་བསྒྱུར་བ་དང་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་སྐྱོད་པའི་མཚོན་རྟགས་ཤིག་རེད། བོད་ཀྱི་རི་འཛེག་ལུས་རྩལ་པས་རྒྱལ་ཡོངས་མི་རིགས་ཁག་གི་རི་འཛེག་པ་དང་མཉམ་དུ“དཀའ་ཉེན་ལ་མི་སྐྲག་པ་དང་། ཞུམ་མེད་འབད་འཐབ། མཐུན་སྒྲིལ་མཉམ་ལས། དཔའ་ངར་ཆེན་པོས་རི་རྩེར་འཛེགས་པ”སོགས་རི་འཛེག་གི་སྙིང་སྟོབས་བཏོད་ཡོད། དུས་ད་ལྟའི་བར་དུ་རང་རྒྱལ་གྱི་རྒྱལ་དམངས་ཀྱི་རྩ་ཆེའི་བསམ་པའི་རྒྱུ་ནོར་གྱི་གྲས་ཤིག་ཡིན་པས་དུས་རབས་མི་འདྲ་བའི་ཀྲུང་ཧྭའི་བུ་ཕྲུག་ཚོས་དཀའ་ངལ་ཁྱད་བསད་དང་འབད་འབུངས་ཡར་བརྩོན་བྱ་རྒྱུའི་སྐུལ་ལྕག་བྱས་ཡོད།
ས་མཐོའི་ལུས་རྩལ་པས་དུས་རབས་དང་བསྟུན་ནས་ལེའུ་གསར་པ་བཏོད་པ།
ལམ་ལུགས་སྒྱུར་བཅོས་དང་མི་ལ་བཅིངས་འགྲོལ་ཐོབ་པ་ལས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་ཆེ་རུ་ཕྱིན་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བོད་མི་དམངས་ཀྱི་འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆར་འགན་ལེན་བྱུང་བ་དང་། མི་དཀྱུས་མ་གྲངས་ལས་འདས་པ་ཞིག་ལ་མི་ཚེའི་རིན་ཐང་མངོན་འགྱུར་བྱུང་ཡོད། རྩལ་འགྲན་ལུས་རྩལ་གྱི་ཁྱབ་ཁོངས་སུ། མི་རབས་ནས་མི་རབས་བར་བོད་ཀྱི་ལུས་རྩལ་པ་ཚོས་ལུས་རྩལ་ལ་བརྟེན་ནས་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པར་མ་ཟད། སྐར་ལྔའི་དར་དམར་ཡང་འཛམ་གླིང་གི་ས་གནས་ཁག་ཏུ་ལྷབ་ལྷུབ་ཏུ་གཡོ་བ་དང་རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ནས་དུས་རབས་ཀྱི་ལེའུ་གསར་པ་བཏོད་ཡོད།
1982ལོར་འཕར་མདུང་བའི་བདམས་ཐོན་པ་ཕུར་བུ་ཚེ་རིང་རྒྱ་གར་གྱི་ཏི་ལི་གསར་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་ཤིང་། དེ་ནི་བོད་ཀྱི་ལུས་རྩལ་པས་ཀྲུང་གོའི་ཚབ་ཞུས་ནས་རྒྱལ་སྤྱིའི་འགྲན་རར་འཛེགས་ཐེངས་དང་པོ་དེ་ཡིན་པ་དང་། ལོ་དྲུག་གི་རྗེས་སུ། མདའ་འཕེན་ལུས་རྩལ་པ་རྡོ་རྗེ་ཆོས་དབྱིངས་སྐབས་24པའི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པ་དང་བོད་ཀྱི་ལུས་རྩལ་པ་སླར་ཡང་ཨོ་རྩལ་འགྲན་ཚོགས་ཀྱི་གར་སྟེགས་ཐོག་ཞུགས་པ། 2011ལོར་སྦེ་གའི་བདམས་ཐོན་པ་ཤི་ལོག་སྒྲོལ་མར་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་རྩལ་འགྲན་ལུས་རྩལ་ཁྲོད་འཛམ་གླིང་གི་ཨང་དང་པོ་ཐོབ་པ་རེད།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་རྩལ་འགྲན་ལུས་རྩལ་ལ་བཟོད་ཤུགས་དང་དགུན་དུས་ཀྱི་རྣམ་གྲངས་ཐད་སླར་ཡང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཨང་གསུམ་པ་ལེན་མཁན་སྟོབས་རྒྱལ་གྱི་རྗེས་སུ་ཡང་བོད་ལྗོངས་ཀྱི་རྒྱང་རྒྱུག་ཁྲོད་ཕུལ་བྱུང་གི་ན་གཞོན་བདམས་ཐོན་པ་ཁག་གཅིག་ཐོན་ཡོད། ཉེ་བའི་ལོ་གཉིས་ནང་བཀྲ་ཤིས་ཚེ་རིང་གིས་རྒྱལ་ནང་གི་སྐྱེས་པའི་སྨི་10000དང་། སྨི་3000 ལམ་ཕྱེད་མར་སུན་རྒྱང་རྒྱུག་སོགས་ཀྱི་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་རེད།
པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་ལེགས་གྲུབ་བྱུང་རྗེས་རང་ལྗོངས་ཀྱིས་ས་བབ་མཐོ་བའི་ཁོར་ཡུག་དང་གངས་རིའི་ཐོན་ཁུངས་བེད་སྤྱོད་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ལ་བརྟེན་ནས་གངས་ཤུད་རྣམ་གྲངས་ཀྱི་ལུས་རྩལ་པ་དང་རྩལ་ཁྲིད་པ་ཁག་གཅིག་འདེམས་སྒྲུག་དང་གསོ་སྦྱོང་བྱས་པ་རེད།
2024ལོར་རང་ལྗོངས་ཀྱི་རུ་ཁག་དང་པོར་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་ནང་ཞུགས་སྐབས་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་1ཐོབ་ཡོད། གངས་ཤུད་རི་འཛེག་བྱ་རྒྱུ་དེ་2026ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསར་འཕར་རྣམ་གྲངས་ཤིག་ཏུ་གྱུར་པ་དང་བོད་དང་ཤིན་ཅང་ནས་ཡོང་བའི་ལུས་རྩལ་པ་རྣམས་རྣམ་གྲངས་དེའི་ཁྲོད་རྒྱལ་སྤྱིའི་འགྲན་རའི་ཁྲོད་རྟག་ཏུ་བྱ་དགའ་ལེན་མཁན་ཞིག་ཏུ་གྱུར་ཡོད།
ལོ་17ལ་སླེབས་པའི་རང་ལྗོངས་ཀྱི་བུ་མོ་ཚེ་བརྟན་གཡུ་སྒྲོན་གྱི་ལག་པའི་ནང་གཞོན་ནུའི་འཛམ་གླིང་བུམ་པ་དང་། འཛམ་གླིང་ལེགས་སྐྱེས་འགྲན་བསྡུར། ཨེ་ཤེ་ཡའི་ལེགས་སྐྱེས་འགྲན་བསྡུར་དང་དེ་བཞིན་རྒྱལ་ཡོངས་ཀྱི་ཨང་དང་པོ་ལེན་པའི་འགྲན་བསྡུར་སོགས་རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་ཁག་མང་པོའི་ནང་ཨང་དང་པོ་བླངས་ཡོད། ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་དུ་སྐྱེས་པའི་ཁོ་མོས་ང་ཆུང་དུས་སུ་རྟག་ཏུ་རི་ལ་ལུག་འཚོ་བར་འགྲོ་ཡི་ཡོད། རང་ཉིད་ཕྱི་རྒྱལ་དུ་འགྲོ་ཐུབ་པ་བློ་ཡུལ་ལས་འདས་སོང་། རི་རྩེ་མང་པོ་འདི་འདྲ་ཞིག་ཏུའང་སླེབས་ཐུབ་པར་བསམ་བློ་གཏོང་མྱོང་མེད་ཅེས་བཤད།
ད་ཆ་ཁོ་མོའི་ཁྱིམ་དུ་འཛམ་གླིང་ས་གནས་ཁག་ནས་ཁྱེར་ཡོང་བའི་གཟེངས་བསྟོད་ཀྱི་རྟགས་མ་མང་པོ་བཀལ་ཡོད། ཁོ་མོའི་ནུས་ཤུགས་ཡོད་ཚད་2026ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་བཞག་ཡོད། ངས་ད་དུང་དེ་བས་འབད་བརྩོན་ལྷོད་མེད་བྱས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་བྱ་དགའ་ལེན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
རྒྱལ་སྤྱིའི་ལུས་རྩལ་གར་སྟེགས་ཐོག་རང་ལྗོངས་ཀྱི་རྩལ་འགྲན་པ་རིམ་གྱིས་མང་དུ་ཕྱིན་ནས་ཀྲུང་གོའི་བོད་ལྗོངས་ཀྱི་དགེ་མཚན་ལྡན་པའི་གཟུགས་བརྙན་མངོན་པར་མ་ཟད། རྒྱལ་གཅེས་ཀྱི་སེམས་པ་བོད་རིགས་སྤུན་ཟླའི་སེམས་ནང་དེ་བས་བརྟན་པོར་ཟུག་ཡོད་ཅེས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་ང་ཚོའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་བདམས་ཐོན་པ་སྔ་ཙམ་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ལེན་སའི་སྟེགས་བུའི་ཐོག་ལངས་ནས་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱ་རྒྱུ་དེ་ཡིན་ཞེས་བཤད་པ་རེད།
ལུས་རྩལ་བྱ་གཞག་གིས་གངས་ལྗོངས་ས་མཐོར་ཕན་བདེ་བསྐྲུན་པ།
རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་གིས་དེ་བས་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་མི་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་ལྟེ་གནས་དང་། ལུས་སྦྱོང་བྱེད་ས། ཤང་གྲོང་གི་ནུས་མང་ལུས་རྩལ་ཐང་། རྐང་རྩེད་སྤོ་ལོའི་ཐང་ཆེན་སོགས་མང་ཚོགས་ཀྱི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་ལས་གྲྭ་700ལྷག་ཙམ་ལག་བསྟར་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་བར་རང་ལྗོངས་ཀྱི་ལུས་རྩལ་ཐང་ཆེན་8000ལས་བརྒལ་བ་དང་མི་རེར་ཆ་སྙོམས་ལུས་རྩལ་ཐང་ཆེན་རྒྱ་ཁྱོན་སྨི་ངོས་གྲུ་1.6ཟིན་པ་དང་། རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་མི་གྲངས་ཁྲི་་བརྒྱ་ཙམ་ཡོད་པ་དེས་རང་སྐྱོང་ལྗོངས་ཀྱི་སྤྱིའི་མི་འབོར་གྱི་བཅུ་ཆ་གསུམ་ཙམ་ཟིན་གྱི་ཡོད།
གྲངས་གཞི་འདི་ལས་ས་མཐོའི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མཚོན་གྱི་ཡོད། དུས་རབས་20པའི་ལོ་རབས་50པའི་དུས་འགོར། རང་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་35.5ལས་ཟིན་གྱི་མེད། འོན་ཀྱང་ད་ཆ་ལོ་72.19ལ་སླེབས་ཡོད། དེ་བས་བདེ་ཐང་ལྡན་པའི་གཟུགས་པོ་དང་འཚོ་བ་སྐྱེལ་སྟངས་གཉིས་གཅིག་ལ་གཅིག་བརྟེན་ཡིན་པ་དང་། དེ་སྔ“འཚོ་བ་སྐྱེལ་དཀའ་བ”ཞེས་བརྗོད་པའི་གངས་ལྗོངས་ས་མཐོར་ཚན་རིག་དང་མཐུན་པའི་ལུས་སྦྱོང་བྱ་རྒྱུ་དེ་ད་ཆ་དར་སྲོལ་ཞིག་ཏུ་གྱུར་ཡོད།
ལྷ་ས་གྲོང་ཁྱེར་གྱི་ལྟེ་བ་དང་བར་ཐག་སྤྱི་ལེ་གཉིས་ལས་མེད་པའི་ལྷ་ཀླུ་འདམ་ར་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་རེད། ད་ཆ་འབྱུང་ཁམས་སླར་གསོ་ཐུབ་པར་མ་ཟད། གྲོང་མིར་སྒོ་མོ་ཕྱེ་ཡོད། ལོ་ལྟར་ལྷ་ཀླུ་འདམ་རར་རྐང་ཐང་མར་སྐྱོད་པའི་བྱེད་སྒོ་དེ་ལྷ་སའི་དམངས་ཡོངས་ལུས་སྦྱོང་གི་བཀྲག་མདངས་འཚེར་སའི་མིང་བྱང་ལྟ་བུར་གྱུར་ཡོད། གྲོང་མི་ཁྲེན་ཅིན་ཞ་ཡིས་དེ་སྔོན་བོད་དུ་འཚོ་བ་སྐྱེལ་བར་དཀའ་ཚེགས་ཆེ་བའི་སྣང་བ་ཞིག་འཁོར་ཏེ་ལུས་སྦྱོང་གཏན་ནས་བྱེད་ནུས་ཀྱི་མེད། འོན་ཀྱང་ད་ཆ་འགྲོ་ཐུབ་པའི་ས་ཆ་ཇེ་མང་དུ་འགྲོ་བ་དང་ས་མཐོའི་འཚོ་བའང་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་བཞིན་འདུག་ཅེས་བཤད།
མིག་སྔར་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རང་ལྗོངས་ཀྱི་རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་སློབ་གླིང་བསྐྲུན་མགྱོགས་སུ་གཏོང་དགོས་ཞེས་པ་དེ《རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་གྲོས་འགོའི》ནང་བཅུག་པ་རེད། ཇོ་རིའི་ཚོང་ལས་ཅན་གྱི་རི་འཛེག་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་བརྟེན་ནས་རང་ལྗོངས་ཀྱིས་རི་བོ་ལ་དམིགས་ནས་རི་འཛེག་དང་། རྐང་ཐང་། སྒར་རྒྱག་པ། ཁ་ཕྱོགས་གཏན་འཁེལ། མཁའ་སྐྱོད། གངས་ཤུད། རི་ཁུལ་གྱི་མར་སུན་འགྲན་བསྡུར། རྐང་འཁོར་སོགས་ལུས་རྩལ་རྣམ་གྲངས་སྣ་ཚོགས་གསར་སྤེལ་བྱེད་བཞིན་ཡོད་པ་རེད།
2023ལོར་ཀྲུང་གོའི་རླབས་གྲུ་མཉམ་འབྲེལ་འགྲན་ཚོགས་རྒྱལ་ཡོངས་ཀྱི་ས་ཚིགས་དང་པོའི་འགྲན་བསྡུར་དེ་བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་དུ་སྤེལ་ཡོད། རང་ལྗོངས་ཀྱི་མཛེས་ལྗོངས་དང་སྟབས་བདེ་བའི་རྨང་གཞིའི་སྒྲིག་བཀོད་ཀྱིས་རྒྱལ་ཡོངས་ས་གནས་ཁག་གི་འགྲན་བསྡུར་ནང་ཞུགས་མཁན་ཚོར་བག་ཆགས་ཟབ་མོ་བཞག་ཡོད།
“ཕྱིའི་རྒྱལ་ཁབ་ཀྱི་མཛེས་ལྗོངས་ཇི་འདྲི་ཞིག་ཡིན་རུང་འདི་གའི་མཛེས་ལྗོངས་དང་བསྡུར་ཐབས་བྲལ་འདུག”ཅེས་ལོ་59ལ་སླེབས་པའི་འགྲན་བསྡུར་ནང་ཞུགས་མཁན་ཧོ་ཝུའེ་ཡིས་དེ་སྔོན་བོད་ཅེས་པ་འདི་ཐག་ཧ་ཅང་རིང་པོ་ཡོད་པའི་སྣང་བ་ཞིག་སྟེར་གྱི་ཡོད། འོན་ཀྱང་ད་ཆ་འགྲིམ་འགྲུལ་ཡང་སྟབས་བདེ་པོ་ཡོད། འདི་གར་རླབས་གྲུ་དང་རྐང་ཐང་མར་སྐྱོད་ཆོག་པར་མ་ཟད། ད་དུང་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པས་བོད་འདི་ཉིད་འཛམ་གླིང་རིམ་པའི་ལུས་རྩལ་ཡུལ་སྐོར་བྱ་ཡུལ་དུ་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད།
ལོ་65ནི་བྱ་འཕུར་བ་ལྟར་ཡུད་ཙམ་ཞིག་ལ་ཕར་འདས་ཟིན་ཞིང་། གངས་ལྗོངས་ས་མཐོ་འདི་ཉིད་ལྷ་ཡུལ་ལྟ་བུར་གྱུར། དེ་སྔའི་བཤུ་གཞོག་དང་གཉའ་གནོན་གྱི་ཞིང་བྲན་ནས་ད་ཆ་རྒྱལ་སྤྱིའི་གར་སྟེགས་ཐོག་གསེར་གྱི་རྟགས་མ་བརྩོན་ལེན་བྱེད་མཁན་ལུས་རྩལ་པའི་བར་དང་། དེ་སྔའི་དཀའ་སྡུག་ཚད་མེད་མྱོང་བ་ནས་ད་ཆའི་བདེ་ཐང་ལྡན་པའི་འཚོ་བ་དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་པའི་ཚ་རླབས་བར། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ལུས་རྩལ་བྱ་གཞག་གི་ལས་འགུལ་དང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་དུ་འགྲོ་བཞིན་ཡོད། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ས་མཐོའི་བུ་ཕྲུག་ཚོས་ལུས་རྩལ་ལ་བརྟེན་ནས་བདེ་ཐང་ལ་སྐུལ་འདེད་དང་། མཐུན་སྒྲིལ་ལ་སྐུལ་འདེད། འཕེལ་རྒྱས་ལ་སྐུལ་འདེད། བདེ་སྐྱིད་ལ་སྐུལ་འདེད་བཅས་བཏང་སྟེ་ལུས་རྩལ་བྱ་གཞག་ནང་ཞུགས་མཁན་དང་ཕན་པ་ཐོབ་མཁན་ཞིག་ཏུ་གྱུར་ཡོད། རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་འདི་ཉིད་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པ་དང་། ས་མཐོའི་མི་དམངས་ལ་དེ་བས་མང་བའི་བདེ་ཐང་དང་སྤྲོ་སྣང་སྦྱིན་ནས་འཛམ་གླིང་ལ་དེ་བས་གསོན་ཤུགས་རྒྱས་པ་དང་སྒོ་དབྱེ་གདེང་ཚོད་ལྡན་པའི་བོད་ལྗོངས་གསར་པ་ཞིག་མངོན་ངེས་རེད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ)(དཔལ་སྐྱབས་རྒྱལ་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社