1959ལོའི་གོང་། བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་བོད་ཀྱི་མི་དམངས་མང་ཚོགས་སྡུག་བསྔལ་གྱི་གནས་སུ་ལྷུངས་ཡོད་མོད། འོན་ཀྱང་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་གཞི་ནས་རྣམ་པ་དེ་ཡོངས་སུ་འགྱུར་ལྡོག་ཕྱིན་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པའི་སྔ་རྗེས་ཀྱི་སྣང་ཚུལ་དེ་ད་ལོ་ལོ་77ལ་སླེབས་པའི་བགྲེས་སོང་ཟླ་བ་ཡིས་དངོས་སུ་བརྒྱུད་མྱོང་ཞིང་། ཁོང་ལ་ད་ཆའི་བདེ་སྐྱིད་ཀྱི་འཚོ་བ་ནི་རྩ་ཆེན་ཞིག་ཡིན་པ་དང་ལས་སླ་པོར་ཐོབ་པ་ཞིག་མིན་པ་མྱོང་ཚོར་ཟབ་མོ་བྱུང་ཡོད།
གཙང་རྟོགས་ཤང་ཆ་གྲོང་ཚོ་ནི་རྒྱལ་ལམ་318ཀྱི་རྒྱུད་དུ་ཆཊ་ཤིང་། གྲོང་ཚོ་དང་གཞུང་ལམ་གྱི་བར་དུ་ཁོད་སྙོམས་པའི་ཞིང་ཐང་མང་པོ་ཡོད། ས་ཞིང་ནི་ཞིང་འབྲོག་པ་དཀྱུས་མ་ཞིག་ཡིན་པའི་ཟླ་བ་ཡིས་མི་ཚེའི་ཕྱེད་ཀ་ལྷག་ཙམ་རིང་ལས་ཀ་བྱ་ཡུལ་གཙོ་བོ་དེ་ཡིན། ཟླ་བས་གསར་འགོད་པ་བཅར་འདྲིར་ཡོང་བ་མཐོང་སྐབས། འཛུམ་མདངས་འཕྱུར་བཞིན་དུ་གསར་འགོད་པ་ཁོང་གི་ཁྱིམ་གྱི་ཞིང་ཁའི་ནང་དུ་ཁྲིད་དེ། རང་ཉིད་ཀྱི་གཏམ་རྒྱུད་གླེང་འགོ་བརྩམས།
ཟླ་བས་དེ་སྔ་ང་ཚོའི་ཁྱིམ་གྱིས་ལྕི་བ་བསྒྲུགས་ནས་དགོན་པར་འབྲུ་རིགས་ལ་བརྗེ་བར་འགྲོ་དགོས་ཀྱི་ཡོད། དེ་དུས་འཚོ་བ་ཧ་ཅང་དཀའ་ཚེགས་ཆེན་པོ་རེད། ས་ཞིང་མེད་ལ་ཕྱུགས་རིགས་ཀྱང་གསོ་ཆོག་གི་མེད་ཅེས་བཤད།
ཞིང་ཁའི་ནང་གི་དགུན་གྲོ་ལ་མྱུ་གུ་འབུས་ཤིང་ད་དུང་ལྕི་བ་ཐར་ཐོར་ཞིག་ཀྱང་མཐའ་འཁོར་དུ་ལུས་འདུག ལོ་65ཡི་གོང་ལ་ཕྱིར་དྲན་བྱས་ཚེ། ས་ཞིང་དེ་ནི་དེ་སྔའི་གཞིས་ཀའི་བདག་པོ་སྒེར་ལ་དབང་བའི་རྒྱུ་ནོར་ཞིག་ཡིན་པ་དང་། སྐབས་དེ་དུས་ཟླ་བ་ནི་སྨྱུག་མའི་སླེ་པོ་ཁུར་ནས་ལྕི་བ་སྒྲུག་མཁན་གྱི་ན་གཞོན་ཞིག་རེད། འོན་ཀྱང་ད་ཆ་ཁོང་ས་ཆ་དེའི་བདག་པོར་གྱུར་ནས་རང་མོས་ངང་ཞིང་ནང་དུ་བསྐྱོད་ཆོག་ལ་དཔྱིད་ཀྱི་ཉི་འོད་ཀྱང་ལོངས་སུ་སྤྱོད་ཆོག་གི་ཡོད།
ཟླ་བས་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ང་ལ་ས་ཞིང་ཐོབ་ཡོད། ད་ཆ་ས་ཞིང་མུའུ་8ཡོད། ས་ཞིང་མུའུ་8དེས་མི་དང་ཕྱུགས་རིགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཐུབ་པར་མ་ཟད། ད་དུང་ཕྱིར་གླ་པར་སྐྱོད་པའི་གླ་ཆས་ཁྱིམ་གྱི་འཚོ་བར་ཁ་གསབ་ཐུབ་ཀྱི་འདུག་ཅེས་བཤད།
བགྲེས་སོང་ཟླ་བའི་སྒོ་རའི་ནང་། ཤར་རླུང་རྟགས་ཅན་གྱི་རྨོན་པ་རྒྱག་བྱེད་ཀྱི་འཕྲུལ་འཁོར་གསར་པ་ཞིག་བཞག་འདུག ཁོང་གིས་སེམས་འགུལ་ཐེབས་བཞིན་དུ་གསར་འགོད་པར་དེ་སྔོན་དཔུང་པ་ས་འོག་ཏུ་བཅུག་ནས་ཉིན་གང་ཞིང་ཁར་ལྟ་རྟོག་བྱེད་དགོས་ཀྱི་ཡོད། ད་ཆ་རྨོན་པ་རྒྱག་པ་དང་། ཞིང་འདེབས་པ། ཞིང་བརྔ་བ་བཅས་ཚང་མ་འཕྲུལ་འཁོར་གྱིས་བྱེད་ཀྱི་ཡོད་པས་དུས་ཚོད་དང་ནུས་ཤུགས་མང་པོ་ཞིག་གྲོན་ཆུང་ཐུབ་ཡོད་ཅེས་བཤད། ད་ལྟ་དཔྱིད་རྨོད་དཔྱིད་འདེབས་རན་གྲབས་ཡོད་པས་མི་རིང་བར་གསར་དུ་ཉོས་པའི་འཕྲུལ་འཁོར་དེ་ཟླ་བས་ཞིང་ལས་ཐོན་སྐྱེད་ལ་སྤྱོད་རྒྱུ་རེད། ཟླ་བ་དང་འདྲ་བར་ད་ཆ་ཁྱིམ་ཚང་ཚང་མའི་རྨོ་ཞིང་འཕྲུལ་ཆས་དེ་ཞིང་ལས་ཐོན་སྐྱེད་ལ་རམ་འདེགས་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
ད་ཆ་བགྲེས་སོང་ཟླ་བ་ཡངས་ཤིང་རྒྱ་ཆེ་ལ་སྐྱིད་སྣང་དོད་པའི་ཁང་པའི་ནང་སྡོད་ཀྱི་ཡོད་པ་དང་། རང་ཉིད་ལ་དབང་བའི་ས་ཞིང་དང་ཕྱུགས་རིགས་ཡོད་པར་མ་ཟད། ས་ཞིང་དང་འབྲོག་ལས་ཀྱིས་ཁོང་ཚོའི་འཚོ་བར་འགན་ལེན་བརྟན་པོ་ཞིག་ཀྱང་མཁོ་འདོན་ཐུབ་ཡོད། ཟླ་བས་ད་དུང་གྲོང་ཚོའི་ནང་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པ་དང་། ཕྲུ་གུ་ཚོ་ཡང་ཕྱིར་ལས་ཀ་བྱེད་པར་འགྲོ་ཡི་ཡོད་པས་ཁྱིམ་གྱི་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད།
ཟླ་བས་ད་ཆ་ཚ་བོ་དང་ཚ་མོ་སློབ་གྲྭ་འགྲིམ་བཞིན་ཡོད། ཟས་གོས་ཚང་མར་རིན་པ་སྤྲོད་དགོས་ཀྱི་མེད། སྤྱི་ཚོགས་རྙིང་པར་ཕྲུ་གུ་སློབ་གྲྭར་གཏོང་རྒྱུ་ནི་ཉི་མོའི་རྨི་ལམ་རང་རེད། ཞིང་བྲན་བདག་པོའི་ཕྲུ་གུ་མ་གཏོགས་སློབ་གྲྭར་གཏོང་ཐུབ་ཀྱི་མེད། འོན་ཀྱང་ད་ཆ་སློབ་མའི་སློབ་ཡོན་ཡང་སྤྲོད་དགོས་ཀྱི་མེད་པ་མ་ཟད།ནང་མི་ཚང་མར་སྨན་བཅོས་འགན་བཅོལ་ཡོད་པས་ནད་ཆེ་ཆུང་གང་ཡིན་རུང་ཚང་མར་སྲིད་གཞུང་གིས་ཁ་གསབ་ཧ་ཅང་མང་པོ་སྤྲོད་ཀྱི་ཡོད་ཅེས་བཤད།
བགྲེས་སོང་ཟླ་བས་ཞིང་འབྲོག་ཁུལ་གྱི་འགྱུར་ལྡོག་རྣམས་དངོས་སུ་མཐོང་མྱོང་བ་མ་ཟད། སྤྱི་ཚོགས་ལ་བྱུང་བའི་འཕེལ་རྒྱས་ཀྱང་མྱོང་ཚོར་ཟབ་མོ་བྱུང་ཡོད། བགྲེས་སོང་ཟླ་བ་སྒེའུ་ཁུང་མདུན་དུ་བསྡད་དེ་དྲོ་སྐྱིད་ལྡན་པའི་ཉི་འོད་དང་ཁ་ཁུ་སིམ་པའི་འཚོ་བ་ལོངས་སུ་སྤྱོད་སྐབས། བདེ་སྐྱིད་ཀྱི་ཚོར་སྣང་ཞིག་ངམ་ཤུགས་སུ་སྐྱེ་ཡི་ཡོད། ཁོང་གིས་དེ་དག་ཚང་མ་ནི་ཏང་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་ལས་བྱུང་བ་ཞིག་ཡིན་པ་ཤེས་བཞིན་ཡོད་ལ། ཁོང་གིས་ཀྱང་ཉེ་འགྲམ་གྱི་མི་རྣམས་ལ་རང་ཉིད་ཀྱི་ཉམས་མྱོང་བཤད་ནས་ན་གཞོན་ཚོར་དུས་རབས་ཀྱི་བཀའ་དྲིན་ཚོར་ཐུབ་པ་དང་། དུས་ཚོད་བཟང་པོར་གཅེས་སྤྲས་བྱེད་པ། ཡར་རྒྱས་ཡོང་ཐབས་བྱེད་པ་བཅས་ཀྱི་སྐུལ་ལྕག་བྱེད་བཞིན་ཡོད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社