ཟླ་3ཚེས་28ཉིན། བོད་ཀྱིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་65འཁོར་བར་དྲན་གསོ་ཞུ་བའི་ཉིན་མོ་བསུས་ཤིང་། ལོ་ངོ་65ཡི་རིང་། གངས་ལྗོངས་ས་མཐོའི་ལུས་རྩལ་བྱ་གཞག་མེད་པ་ནས་ཡོད་པ་དང་ཞན་པ་ནས་སྟོབས་ཆེའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། མི་དམངས་ཀྱི་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ཆ་ནས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་སྐོང་བ་དང་། མི་རྣམས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་ལུས་རྩལ་དེ་ལོ་ངོ་65ཡི་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་འགྲེལ་བཤད་ཅིག་ཏུ་གྱུར་ཡོད། རྩལ་འགྲན་ལུས་རྩལ་དང་མང་ཚོགས་ཀྱི་ལུས་རྩལ་སོགས་ཀྱི་ཁྱབ་ཁོངས་སུ་བོད་ཀྱིས་མིག་མཐོང་ལག་ཟིན་གྱི་རྒྱུགས་ལན་ཞིག་ཕུལ་ཡོད།
ཡར་ལངས་ཞིང་བྲན་ཇོ་རིའི་རྩེ་མོར་འཛེགས་པ།
1960ལོའི་ཟླ་5ཚེས་25ཉིན་གྱི་ཐོ་རེངས་སུ། ཝང་ཧྥུ་ཀྲོའུ་དང་། ཆུས་དབྱིན་ཧྭ། མགོན་པོ་བཅས་དཔའ་བོ་མི་གསུམ་ཐེངས་དང་པོར“བརྒལ་ཐབས་མེད་པའི”བྱང་ངོས་ནས་ཇོ་མོ་གླང་མའི་རི་རྩེར་འཛེགས་ཏེ་སྐར་ལྔའི་དར་དམར་ཇོ་མོ་གླང་མའི་ཡང་རྩེར་ཐེངས་དང་པོར་བཙུགས་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོར་བྱང་ངོས་ནས་འཛམ་གླིང་གི་རི་བོ་མཐོ་ཤོས་སུ་འཛེགས་པའི་བྱ་སྤྱོད་རླབས་པོ་ཆེ་མངོན་པར་བྱས་ཡོད།
“རི་འཛེག་གི་སྙིང་སྟོབས”ཀྱིས་ཀྲུང་གོའི་ལུས་རྩལ་གྱི་ལོ་རྒྱུས་དེབ་ཐེར་གྱི་ཉམས་འགྱུར་མངོན་པར་བྱས་པ་དང་། སྐབས་དེ་དུས་ཀྱི་ཀྲུང་ཧྭ་མི་རིགས་ཡོངས་ཀྱིས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད་ལ་བོད་ཀྱི་མི་དམངས་ཀྱིས་མགོ་བོ་བཏེགས་ནས་མདུན་སྐྱོད་བྱེད་པའི་མཚོན་རྟགས་ཤིག་ཀྱང་རེད།
“དཔའ་བོ་མི་གསུམ”གྱི་གྲས་ཤིག་ཡིན་པའི་བོད་རིགས་རི་འཛེག་པ་མགོན་པོ་ལགས་ནི་1933ལོར་བོད་ཀྱི་སྤྱི་ཚོགས་རྙིང་པར་སྐྱེས་པ་དང་། སྐྱེས་མ་ཐག་ནས་སྐུ་དྲག་གི་གཞིས་ཀའི་ཞིང་བྲན་ཡིན། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་སྤྱི་མི་འབོར་གྱི་བརྒྱ་ཆ་95ཟིན་པའི་ཞིང་བྲན་ལ་ཐོན་སྐྱེད་རྒྱུ་ཆ་དང་མི་ལུས་ཀྱི་རང་དབང་མེད། ཞིང་བྲན་བདག་པོའི་མིག་ནང་དུ“སྐད་ཆ་ཤོད་ཤེས་པའི་ལག་ཆ”ཙམ་ཞིག་ཡིན་པས་རང་དགར་ཉོ་འཚོང་དང་ཁྲིམས་གཅོད་བྱེད་ཆོག་པར་མ་ཟད། ཐ་ན་སྲོག་ཐོག་ཀྱང་གཏོང་ཆོག་གི་ཡོད། མགོན་པོས་ཉིན་ལྟར་ལས་ཁྲལ་རྒྱུག་དགོས་པ་དང་། ད་དུང་གཞིས་ཀའི་བདག་པོའི་གཅར་རྡུང་ལའང་དོགས་ཟོན་བྱ་དགོས་ཀྱི་ཡོད།
ཕྱིས་སུ། མགོན་པོ་ཞིང་བྲན་བདག་པོའི་གཞིས་ཀ་ལས་ཕྱིར་བྲོས་ནས་གཟི་བརྗིད་ལྡན་པའི་ངང་དམག་ནང་ཞུགས། 1959ལོར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་ཟིལ་རླབས་དགུང་དུ་འཕྱུར་བའི་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པར་བྱས་པ་རེད།
མགོན་པོས་གལ་ཏེ་གུང་ཁྲན་ཏང་མེད་ན་བོད་ལ་བཅིངས་འགྲོལ་ཐོབ་མེད། ང་ད་ལྟའང་ད་དུང་ཞིང་བྲན་ཞིག་ཡིན་སྲིད་ཀྱི་རེད་ཅེས་བཤད།
བོད་ཀྱི་རི་འཛེག་གི་གཟི་བརྗིད་སྲོལ་རྒྱུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ། 1975ལོར“དཔའ་བོ་མི་དགུ”སླར་ཡང་ཇོ་མོ་གླང་མར་འཛེགས་ཤིང་། ཀྲུང་གོ་བས་ཇོ་རིའི་རྩེ་མོར་ཐེངས་དང་པོར་ལྟ་འཇལ་འཛུགས་རྟགས་བཙུགས་ནས་ཇོ་མོ་གླང་མའི་མཐོ་ཚད་ཀྱི་གྲངས་གཞི་ཤེས་རྟོགས་ཐུབ་ཅིང་། བོད་རིགས་ཀྱི་རི་འཛེག་པ་ཕན་ཐོགས་ནི་ཇོ་མོ་གླང་མའི་བྱང་ངོས་ནས་ཇོ་མོ་གླང་མར་འཛེག་མཁན་གྱི་བུད་མེད་ཨང་དང་པོར་གྱུར་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社