分享按钮

(པར་ངོས་དང་པོར་མཐུད)ཡུང་ཀྲོའུ་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་གཙོ་གནད་ལས་གྲྭ་ཚང་མ་སྐྲུན་འགོ་ཚུགས་པ་མཚོན་ཡོད།

ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཟམ་ཆེན་ཅུས་ཡུང་ཀྲོའུ་ལྕགས་ལམ་རྣམ་གྲངས་པུའི་ཅིང་ལི་ཝང་ཏན་ཝུའེ་ཡིས་ང་ཚོས་སྐྲུན་འགན་འཁུར་བའི་ཕུའུ་ཁྲེ་མོན་ལྕགས་ལམ་གྱི་ལམ་ཐིག་གཉིས་ལྡན་ལ་མ་དངུལ་སྒོར་དུང་ཕྱུར་33བཏང་བ་དང་འདི་ལོ་མ་དངུལ་སྒོར་དུང་ཕྱུར་4.5བཏང་སྟེ་མི་ཆིག་སྟོང་ལྷག་ཙམ་ལས་ཞུགས་ཐུབ་རེ་ཡོད། ཡུང་ཀྲོའུ་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་མིག་སྔར་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱི་ལྕགས་ལམ་ཤར་གཏོང་མ་ཐུབ་པའི་ཀྲོའུ་ཧྲན་གྲོང་ཁྱེར་གཅིག་པུ་དེ་རྒྱལ་ཡོངས་ཀྱི་ལྕགས་ལམ་དྲ་བའི་ནང་ཚུད་རྒྱུ་རེད་ཅེས་བཤད།

བགྲོད་ལམ་ཤར་གཏོང་དང་ལས་རིགས་ཀུན་དར་ཡོང་བར་བྱས་པ། མིག་སྔར་ཧ་དབྱི་མྱུར་བགྲོད་ལྕགས་ལམ་དང་། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ། ཁྲེང་ཏ་དབན་གྱི་མྱུར་བགྲོད་ལྕགས་ལམ།ཁྲེང་ཏུའུ་དང་ཁྲུང་ཆིང་བར་གྱི་ལམ་ཐིག་གི་མྱུར་བགྲོད་ལྕགས་ལམ་བཅས་ཀྱི་འཛུགས་སྐྲུན་བརྟན་པོའི་ངང་སྤེལ་བཞིན་ཡོད་པ་དང་། ཁྲེང་ཕིང་མྱུར་བགྲོད་གཞུང་ལམ་དང་། ལི་ཧོ་མྱུར་བགྲོད་གཞུང་ལམ། ལྷ་གཞིས་མྱུར་བགྲོད་གཞུང་ལམ་བཅས་ཀྱི་ཨར་སྐྲུན་བྱེད་སྒང་དུ་གནས་པ་དང་། ཕིང་ལུའུ་མིས་བཟོས་གཙང་པོ་དང་། ཧྲང་ཧའེ་དབྱང་ཧྲན་གྲུ་ཁའི་ཆུ་ཟབ་གྲུ་ཁའི་ཁུལ་ཞའོ་དབྱང་ཧྲན་བྱང་མའི་ལས་སྒྲུབ་ཁུལ་གྱི་དོས་སྒམ་གྲུ་ཁའི་ལས་གྲྭར་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་བ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་སྔར་ལས་འཐུས་ཚང་དུ་བཏང་ཡོད།

སྣུམ་ཤིང་འཚོལ་བའི་ལས་ལ་འབད། ནུས་རྒྱུའི་ལས་གྲྭས་འགན་འཁྲི་ཕྲག་ཏུ་ཁུར།

འདྲེན་སྦུག་སྒྲོམ་སྟེགས་ཀྱི་མཐོ་ཚད་ལ་ཁྱོན་སྨི་338.5ཟིན་པ་དང་ལྗིད་ཚད་ཀྱི་བསྡོམས་འབོར་ལ་ཏུན་ཁྲི་3.7ཟིན་ནས་ངར་ལྕགས་སྤྱོད་ཚད་རྒྱལ་ཁབ་ཀྱི་ལུས་རྩལ་ཁང་བྱ་ཚང་གི་ཚད་གཞིར་སླེབས་ཡོད། ཟླ་3ཚེས་12ཉིན་རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བསྐྲུན་པའི་ཆུ་གཏིང་ཟབ་པའི་འདྲེན་སྦུག་སྒྲོམ་སྟེགས་མཚོ་རྨང་ཨང་གཉིས་པ་བསྐྲུན་ཟིན་ནས་ཨེ་ཤེ་ཡའི་ཟིན་ཐོ་མང་པོ་བཏོད།

ངོ་སྤྲོད་བྱས་པར་གཞིགས་ན། མཚོ་རྨང་ཨང་གཉིས་པ་དེ་ཉེ་དུས་མཚོ་ཐོག་སྒྲིག་སྦྱོར་བྱ་རྒྱུ་དང་བསྐྲུན་ཟིན་རྗེས་རང་རྒྱལ་གྱི་མཚོ་ཟབ་སྣུམ་ཞིང་དང་པོ་གསར་སྤེལ་ཐེངས་གཉིས་པའི་རྣམ་གྲངས་ནང་ཞུགས་ནས་ཏུན་དུང་ཕྱུར་རིམ་པའི་མཚོ་ཟབ་སྣུམ་ཞིང་རྙིང་པར་གསོན་ཤུགས་གསར་པ་འཕེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ནུས་ཁུངས་བརྟན་པོ་དང་མཐའ་ཚད་བརྟན་པོ་ཡོང་བར་བྱེད། རྒྱལ་ཁབ་གློག་དྲ་ཀུང་སིས་ལོ་ཧྲིལ་པོར་གློག་དྲའི་མ་འཇོག་གཞི་ཁྱོན་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་5000ལས་བརྒལ་བ་དང་། ཀྲུང་གོ་ཧྭ་ནེང་གིས་ལོ་ཧྲིལ་པོར་སྔོན་དཔག་བྱས་ན་ནུས་རྒྱུ་གསར་པའི་རྨང་གཞིའི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་1500བཀོད་སྒྲིག་བྱ་རྒྱུ་ཡིན་པ་སོགས་ནུས་རྒྱུ་འཛུགས་སྐྲུན་ལ་ནུས་ལྡན་དང་གོ་རིམ་ལྡན་པ་དང་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་ཞིག་བསྐྲུན་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད། འདི་ལོའི་ཟླ་དང་པོ་ནས་གཉིས་པའི་བར་ཉི་ནུས་གློག་གཏོང་དང་རླུང་ཤུགས་གློག་གཏོང་སོགས་ནུས་རྒྱུ་གསར་པའི་ལས་རིགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་མ་འཇོག་བྱེད་ཚད་ཅུང་མགྱོགས་པོ་འཕར་ནས་དུས་མཚུངས་ལས་བརྒྱ་ཆ་46.4དང་བརྒྱ་ཆ་17.7སོ་སོར་འཕར་ཡོད་པ་རེད།

ཁུལ་ཆུང་སྒྱུར་བཀོད་དང་གྲོང་ཁྱེར་གསར་སྒྱུར་དམངས་འཚོའི་འདུ་འགོད་བཅས་ལ་བརྟེན་ནས་ཁྱིམ་གཞིས་མཛེས་སུ་བཏང་།

ཁྲུང་ཆིང་རུང་ཁྲང་ཆུས་དང་ཁྲེ་ཧྲུའེ་གཙང་པོའི་མདོང་ལམ་དྲ་བ་སྒྱུར་བཀོད་ལས་གྲྭའི་ལས་ཡུལ་དུ་རྐོ་འདྲུའི་འཕྲུལ་འཁོར་དང་དབོར་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་མཁན་གྱིས་ཆུ་ཡུར་དང་མདོང་ལམ་བཟོས་ནས་གྲོང་ཁྱེར་སྒྱུར་བཀོད་ཀྱི་ཨར་ལས་བྱེད་མགྱོགས་སུ་བཏང་ཡོད།ལས་གྲྭའི་སྤྱིའི་མ་འཇོག་ལ་སྒོར་ཁྲི་9000ལྷག་ཙམ་ཟིན་པ་དང་མིག་སྔར་ཁྱོན་ཡོངས་ཀྱི་ཨར་སྐྲུན་མྱུར་ཚད་བརྒྱ་ཆ་18ཙམ་ཟིན་ཡོད། ཀྲུང་གོ་ལྕགས་ལམ་ཅུས་བཞི་པའི་རུང་ཁྲང་ཆུས་ཁྲེ་ཧྲུའེ་གཙང་པོའི་མདོང་ལམ་དྲ་བ་སྒྱུར་བཀོད་རྣམ་གྲངས་པུའི་ལས་གྲྭའི་ལག་རྩལ་པུའི་པུའུ་ཀྲང་ལེའོ་ཆོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་བསྐྲུན་རྗེས་གྲོང་ཁུལ་རྙིང་པའི་མདོང་ལམ་དྲ་བ་རྙིང་པར་གཏོར་སྐྱོན་ཕོག་པ་དང་།ཆར་ཆུ་དང་བཙོག་ཆུ་མཉམ་འདྲེས། ས་ཁོངས་ཁག་གཅིག་ཏུ་ཆར་པ་བབས་རྗེས་ཆུ་འཁྱིལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་ཁྲེ་ཧྲུའེ་གཙང་པོ་དང་ལན་ཤིས་གཙང་པོའི་གྲོང་ཁུལ་གྱི་ལམ་དུམ་བུའི་ཆུ་སྤུས་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་རེད།

ཞན་ཆ་གསབ་པ་དང་དམངས་འཚོར་ཕན་པ་འདོགས་པ། ཁུལ་ཆུང་རྙིང་པའི་ཉེན་ཡོད་ཁང་པ་གསར་བརྗེས་ཀྱི་ལས་གྲྭ་ལག་བསྟར་བྱས་པ་དང་། རྫོང་རིམ་པའི་སྨན་ཁང་གི་སྒྲིག་བཀོད་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་བ།གྲོང་ཁྱེར་གྱི་འབར་རླངས་མདོང་ལམ་སོགས་རྙིང་ཚབ་གསར་བརྗེ་སྒྱུར་བཀོད་ལ་སྐུལ་འདེད་ཏན་ཏིག་བཏང་བ། རྨང་གཞིའི་སྒྲིག་བཀོད་འབོར་ཆེན་ཞིག་མགྱོགས་མྱུར་དོན་འཁྱོལ་བྱས་ནས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱས་ཡོད། ཟླ་དང་པོ་ནས་གཉིས་པའི་བར་གློག་ཤུགས་ཀྱི་ཚ་ཤུགས་ཐོན་སྐྱེད་དང་། མཁོ་སྤྲོད་ལས་རིགས།ཆུ་བེད་དོ་དམ་ལས་རིགས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་32.7དང་བརྒྱ་ཆ་13.7སོ་སོར་འཕར་ཡོད་པ་རེད།

འདེགས་སྒྲོམ་མཐོ་ལྕོག་མཐོན་པོར་བཙུགས། འཕྲུལ་འཁོར་སྒྲ་ཡིས་བར་སྣང་ཁེངས། རྨང་གཞིའི་བྱ་བར་སྒུལ་ཤུགས་སྦྱིན།

འཁོར་ལམ་རྐྱང་པ་དེ་འཁོར་ལམ་བཞི་ལ་བསྒྱུར་བ། ཟླ་3ཚེས་8ཉིན་ཀྲུང་གོ་སྒུལ་འཕྲིན་རང་བརྟེན་ཞིབ་འཇུག་གསར་སྤེལ་གྱི་གོ་ལ་ཧྲིལ་པོའི་400Gའོད་ཡོངས་ཀྱི་རྐང་འཛིན་དྲ་སྦྲེལ་དེ་ཐོག་མར་ཚོང་ལས་ཐོག་སྤྱད་པ་རེད། ཤར་གྲངས་ནུབ་རྩིས་ཀྱི་འཕར་རྩ་ཆེན་པོ་ཞིག་ཡིན་པའི་ཆ་ནས། དེའི་རྒྱུད་འདྲེན་ནི་ཐོན་གོང་མའི་དྲ་རྒྱའི་ལྡབ་འགའ་ཡིན། ད་ཐེངས་ཀྱི་ཚོང་ལས་ཐོག་སྤྱད་པ་ལས་པེ་ཅིང་དང་། ཧོ་པེ། ནང་སོག་བཅས་ས་ཁུལ་གསུམ་གྱི་དྲ་རྒྱ་དང་སྦྲེལ་མཐུད་ཐུབ་ཡོད། ལོ་དེའི་ནང་ཤར་གྲངས་ནུབ་རྩིས་ལྟེ་བའི་དབར་གྱི་མྱུར་བགྲོད་དྲ་སྦྲེལ་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་རྒྱུ་རེད་ཅེས་ཀྲུང་གོ་སྒུལ་འཕྲིན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད།

རྩ་བ་བརྟན་འཛུགས་དང་ཕུགས་ལ་ཕན་པར་བྱས་པ། ལས་གྲྭ་གལ་ཆེན་རེ་རེ་ལག་བསྟར་བྱས་པ་དང་བསྟུན་ནས་རྣམ་གྲངས་རེ་རེ་བཞིན་དཔེ་རིས་ནས་དོན་དངོས་སུ་གྱུར་བ་དང་། གྲངས་གཞི་ལྟེ་གནས་རེ་རེ་བཞིན་བསྐྲུན་པ། རང་རྒྱལ་གྱི་རྩིས་རྒྱག་ནུས་པའི་དྲ་བ་འཛུགས་པ་སོགས་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་སུ་སླེབས་ནས་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་གྲངས་གཞིའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

སྔོན་ལ་ལག་བསྟར་བྱེད་པའི་དམིགས་ཚད་ལ་བལྟས་ན།ཟླ་2པར་ཨར་སྐྲུན་ལས་རིགས་ཀྱི་ཚོང་དོན་བྱེད་སྒོའི་སྟོན་གྲངས་བརྒྱ་ཆ་53.5ཟིན་ནས་རྒྱུན་མཐུད་ངང་དར་རྒྱས་འགྲོ་བའི་དུས་སུ་གནས་ཡོད། སྤྱིའི་ཆ་ནས་བལྟས་ན།སླད་ཕྱིན་ནུས་ལྡན་ངང་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བའི་སྲིད་ཇུས་ཁག་རྒྱུན་མཐུད་ངང་དོན་འཁྱོལ་དང་ཕན་འབྲས་ཐོན་པ་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་པ་དང་ཆབས་ཅིག་མ་འཇོག་མུ་མཐུད་བརྟན་པོའི་ངང་འཕར་རེ་ཡོད་ཅེས་རྒྱལ་ཁབ་བསྡོམས་རྩིས་ཅུས་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་བསྡོམས་རྩིས་སིའི་སི་ཀྲང་ལིའུ་ཨའེ་ཧྭ་ཡིས་བཤད་པ་རེད།

ལས་གྲྭ་ལག་བསྟར་བྱས་ནས་གསར་གཏོད་ཀྱི་ཚ་རླབས་འཕྱུར་བ། ཚ་ཚ་འུར་འུར་གྱི་ལས་ལ་བྲེལ་བའི་ལས་ཡུལ་རེ་རེ་ལས་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་གསོན་ཤུགས་རབ་ཏུ་འཕྱུར་བཞིན་མཆིས། (མི་དམངས་ཉིན་རེའི་ཚགས་པར་ལས་དྲངས) (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-21 6 6 拉萨日报藏文 c177975.html 1 /enpproperty-->