分享按钮

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2024ལོའི་གཙོ་གནད་ལས་དོན་གྱི་ལས་བགོས་ཇུས་གཞི》དང་།《རེས་སྐོར་གསར་པའི་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་སྟོང་མཐོ་རུ་གཏོང་བའི་ཇུས་གཞི(2024ལོ་ནས་2030ལོ་བར)》 《ཚད་གཞི་རིམ་སྤོར་གྱིས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ལས་ཀའི་ཇུས་གཞི》བཅས་ལ་གྲོས་བསྡུར་གནང་ནས་གྲོས་འཆམ་བྱུང་བ། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་འབྲེལ་ཡོད་བྱ་ཐབས་སྐོར་གྱི་སྙན་ཞུར་གསན་པ། 《དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སླིད་བློན་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2024ལོའི་གཙོ་གནད་ལས་དོན་གྱི་ལས་བགོས་ཇུས་གཞི》དང་། 《རེས་སྐོར་གསར་པའི་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་སྟོང་མཐོ་རུ་གཏོང་བའི་ཇུས་གཞི(2024ལོ་ནས་2030ལོ་བར)》 《ཚད་གཞི་རིམ་སྤོར་གྱིས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ལས་ཀའི་ཇུས་གཞི》བཅས་ལ་གྲོས་བསྡུར་གནང་ནས་གྲོས་འཆམ་བྱུང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་འབྲེལ་ཡོད་བྱ་ཐབས་སྐོར་གྱི་སྙན་ཞུར་གསན་པར་མ་ཟད། 《དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལའང་གྲོས་ཞིབ་གནང་བ་རེད།

ཚོགས་འདུའི་ཐོག མཇུག་འགྲིལ་མ་ཐག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁ་གསལ་བཟོས་ཡོད་པས། སྡེ་ཚན་ཁག་དང་ཚན་པ་ཁག་གིས“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ་དང་། “བྱ་བ་ཐམས་ཅད་ལ་གདེང་ཚོད་ཡོད་པའི”བྱ་སྤྱོད་ཀྱི་ནུས་པར་སྒྱུར་བ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱེད་པ། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལས་དོན་ཁག་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ལག་བསྟར་བྱ་ཐབས་ཞིབ་ཕྲ་བཟོས་ནས་གཙོ་གནད་ལས་དོན་ཁག་དང་སྡེ་ཚན་ཁག་གི་འགན་འཁྲི་དེ་ཞིབ་ཕྲའི་ལག་བསྟར་གྱི་བྱ་ཐབས་དང་སྲིད་ཇུས་ཀྱི་བྱ་ཐབས་ཐོག་དོན་འཁྱོལ་བྱེད་དགོས་པ། སྣེ་ཁྲིད་སྡེ་ཚན་གྱིས་རང་འགུལ་ངང་འབྲེལ་མཐུད་དང་མཐུན་སྦྱོར་བྱེད་པ་དང་། དེའི་ནང་ཞུགས་མཁན་སྡེ་ཚན་གྱིས་གཞོགས་འདེགས་དང་རྒྱབ་སྐྱོར་དམ་ཟབ་བྱེད་པའི་སྒོ་ནས་ཕྱོགས་གཅིག་ཏུ་ཤུགས་བརྒྱབ་ནས་མཉམ་ཤུགས་ཤིག་ཆགས་རྒྱུར་འགན་ལེན་བྱེད་དགོས་པ། ལྟ་སྐུལ་ཞིབ་བཤེར་ལེགས་པར་བྱས་ནས་རྒྱུན་གཏན་གྱི་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་སྟངས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་གྱི་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་རེས་སྐོར་གསར་པའི་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་སྟོང་མཐོ་རུ་གཏོང་བའི་བྱ་སྤྱོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སོན་བཟང་དབྱེ་བ་ཕྱེ་ནས་ཐོན་འཕར་ཡོང་བའི་ལས་འགན་དང་ས་ཁོངས་དབྱེ་བ་ཕྱེ་ནས་ཐོན་འཕར་ལ་བཀོད་སྒྲིག་བྱེད་ཚུལ་དོན་འཁྱོལ་བྱེད་པ། ཚད་གཞི་མཐོ་བའི་ས་ཞིང་སྐྲུན་པ་དང་འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བ་སོགས་འདེགས་སྐྱོར་རང་བཞིན་གྱི་འདུ་འགོད་གལ་ཆེན་ཇུས་འགོད་ལག་བསྟར་བྱེད་པ་བཅས་ཀྱི་སྒོ་ནས་འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག ཚད་གཞི་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དེ་མང་ཚོགས་ཀྱི་དགོས་མཁོ་སྔར་བས་སྐོང་རྒྱུ་དང་། ཐོན་ལས་གཞན་སྒྱུར་ལ་རོགས་སྐྱོར་བྱ་རྒྱུ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཚད་གཞིའི་ལམ་ལུགས་ཀྱི་བཟོ་བཅོས་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ཁེ་ལས་དང་འཛད་སྤྱོད་པ་སོགས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་ཏེ། འཕྲལ་སྤྱོད་སྔོན་སྤེལ་མཐའ་འཁྱོངས་ཀྱིས་གནད་སྨིན་འཐུས་ཚང་གི་རྣམ་གྲངས་དུས་ཐོག་ཏུ་འདོན་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ལེ་ལག་ཚང་བའི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ་ཚད་གཞི་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག སློབ་གཉེར་གྱི་ཆ་རྐྱེན་དང་། སློབ་གསོའི་སྤུས་ཚད། མི་དམངས་མང་ཚོགས་ཀྱི་འདོད་བློ་ཁེངས་ཚད་བཅས་མཐོ་རུ་གཏོང་རྒྱུ་དེ་ལས་ཀའི་གཙོ་གནད་དུ་བཞག་ནས་ས་ཁོངས་དང་། གྲོང་ཁྱེར་དང་གྲོང་གསེབ། སློབ་གྲྭ།ཚོགས་སྤྱི་བཅས་ཀྱི་སློབ་གསོའི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་བཏང་སྟེ།དེ་བས་དྲང་གཞག་དང་སྤུས་ཚད་མཐོ་བའི་འོས་འགན་སློབ་གསོ་ཡག་པོ་གཉེར་དགོས་པ་དང་། མི་འབོར་གྱི་འགྱུར་ལྡོག་དང་།གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཕེལ་རིམ་ལ་འཚམ་པར་བྱས་ཏེ།འོས་འགན་སློབ་གསོའི་དགོས་མཁོའི་འགྱུར་ལྡོག་ལ་སྔོན་དཔག་དང་བརྡར་ཤ་གཅོད་དགོས་པ། ཐོན་ཁུངས་བཀོད་སྒྲིག་གི་སྟབས་བསྟུན་རང་བཞིན་དང་འཚམ་པར་བྱས་ནས་ནོར་སྲིད་རང་བཞིན་གྱི་འོས་འགན་སློབ་གསོའི་གྲོན་དངུལ་དེ་ལྷུ་ཚིགས་ཞན་སར་ཕྱོགས་ཤུགས་ཆེ་རུ་བཏང་སྟེ། འོས་འགན་སློབ་གསོ་འཕེལ་རྒྱས་གཏོང་བའི་ཞན་ཆ་གསབ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་ནན་གྱིས་བསྟན་པ་རེད།

ཚོགས་འདུའི་ཐོག དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་དང་འབྲེལ་བ་ཡོད་ཅེས་བསྟན་པ་དང་། 《དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། གཏན་འབེབས་ཀྱི་བླང་བྱ་དང་ཚད་གཞི་ལྟར་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

(ཨོ་རྒྱན་ཚེ་རིང་དང་ཉི་ཆོས་ཀྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 6 6 拉萨日报藏文 c177388.html 1 ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->