分享按钮

ནན་ཅིང་གྲོང་ཁྱེར་ཐེན་ཀྲེང་སློབ་ཆུང་གིས་ལྷ་ས་གྲོང་ཁྱེར་ལ་དཔེ་དེབ་6000ཙམ་ཞལ་འདེབས་སུ་ཕུལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།ནན་ཅིང་གྲོང་ཁྱེར་ཐེན་ཀྲེང་སློབ་ཆུང་གིས་ལྷ་སའི་འབྲོག་ཁུལ་དུ་དཔེ་དེབ་ཞལ་འདེབས་སུ་འབུལ་བའི་བྱེད་སྒོ་སྤེལ་བ་དང་།དཔེ་དེབ་6000ཙམ་གྲབས་གསོག་བྱས་ཏེ་ད་ལོའི་ཟླ་4པར་ལྷ་སར་དབོར་རྒྱུ་རེད།

ད་ཐེངས་ཀྱི་དཔེ་དེབ་ཞལ་འདེབས་སུ་འབུལ་བའི་བྱེད་སྒོ་དེ་ནན་ཅིང་གྲོང་ཁྱེར་ཐེན་ཀྲེང་སློབ་ཆུང་ལོ་རིམ་གསུམ་པའི་འཛིན་གྲྭ་གསུམ་པའི་སློབ་གྲོགས་ཀྲུའུ་ཁོ་ཡུས་ཀྱིས་སྤེལ་བ་ཞིག་ཡིན་པ་དང་།དེ་སྤེལ་བའི་རྒྱུ་མཚན་ནི་ཁོང་གིས་གནམ་མཚོར་དབྱར་གསེང་རིང་སློབ་སྦྱོང་བྱེད་པའི་ཉམས་མྱོང་ལས་བྱུང་བ་ཞིག་རེད། ཀྲུའུ་ཁོ་ཡུས་ཀྱིས་ན་ནིང་དབྱར་གསེང་རིང་ང་གནམ་མཚོར་དཔེ་ཀློག་མཉམ་སྤྱོད་ཀྱི་བྱེད་སྒོ་ཞིག་ལ་ཞུགས་ཤིང་། ངས་ད་དུང《ལྕི་བའི་བསམ་འདུན》དང་།《ཐོ་ཡོར་པ》སོགས་ཀྱི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་ཡིན། དེ་གར་ཡོད་པའི་གྲོགས་པོ་ཆུང་ཆུང་ཚོས་ཉན་ནས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ནན་ཅིང་དུ་ལོག་རྗེས་ང་དང་སློབ་གྲོགས་ཚོས་གྲོས་བསྡུར་བྱས་ནས་དགེ་རྒན་གྱི་རྒྱབ་སྐྱོར་འོག ང་ཚོས་དགའ་ཤོས་བྱེད་པའི་དཔེ་དེབ་ལྷ་སའི་གྲོགས་པོ་ཚོར་ཞལ་འདེབས་སུ་འབུལ་རྒྱུའི་ཐག་བཅད་པ་ཡིན་ཞེས་བཤད་པ་རེད།

བྱེད་སྒོ་དེ་སྤེལ་རྗེས་ནན་ཅིང་གྲོང་ཁྱེར་ཐེན་ཀྲེང་སློབ་ཆུང་གི་དགེ་སློབ་ཚོས་དང་ལེན་ཧུར་ཐག་ཞུས་ནས་རང་ཉིད་ཀྱིས་ལེགས་འདེམས་ཞིབ་ཚགས་བྱས་པའི་དཔེ་དེབ་ཞལ་འདེབས་སུ་བརྒྱབ་པ་དང་རིམ་རྩིས་བྱས་ན་དེབ་6000ཙམ་ཟིན་ཡོད་པ་རེད། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གི་ལས་དོན་མི་སྣ་བཀྲ་ཤིས་མཚོ་མོས་གསར་འགོད་པར་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་ད་རེས་ཀྱི་དཔེ་དེབ་ཞལ་འདེབས་བྱེད་སྒོར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་ནི་ལྷ་སའི་འབྲོག་ཁུལ་གྱི་ཕྲུ་གུ་ཚོར་དངོས་པོའི་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པར་མ་ཟད། ཁོང་ཚོའི་བསམ་པའི་འཇིག་རྟེན་ལ་གཅེས་སྐྱོང་དང་འཚོ་བཅུད་བྱས་པ་ཞིག་ཀྱང་རེད། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་དཔེ་དེབ་ཁག་བགོས་དང་དོ་དམ་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་དཔེ་དེབ་དེ་དག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ལྷ་སའི་འབྲོག་ཁུལ་གྱི་སློབ་གསོའི་བྱ་གཞག་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ད་ཐེངས་ཀྱི་ཞལ་འདེབས་འབུལ་བའི་བྱེད་སྒོའི་ཐོག་ནས་ནན་ཅིང་གྲོང་ཁྱེར་ཐེན་ཀྲེང་སློབ་ཆུང་གི་དགེ་སློབ་ཚོའི་སྤྱི་ཚོགས་ཀྱི་འགན་འཁྲིའི་བསམ་པ་དང་གཅེས་སེམས་མཚོན་པར་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་དང་དང་ལེན་ཧུར་ཐག་ཀྱང་ཐོབ་ཡོད་པ་རེད། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ལྷ་སའི་འབྲོག་ཁུལ་གྱི་ཕྲུ་གུ་ཚོས་ཤེས་བྱའི་རྒྱ་མཚོའི་ནང་ཅི་དགར་རོལ་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བའི་ཡིད་ཆེས་ཡོད། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་ལྷ་སའི་འབྲོག་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་མུ་མཐུད་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ་འབྲོག་ཁུལ་གྱི་ཕྲུ་གུ་ཚོར་དེ་བས་ལེགས་པའི་དཔེ་ཀློག་དང་སློབ་སྦྱོང་གི་ཁོར་ཡུག་གཏོད་རྒྱུ་རེད།

(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 6 6 拉萨日报藏文 c177383.html 1 ནན་ཅིང་གྲོང་ཁྱེར་ཐེན་ཀྲེང་སློབ་ཆུང་གིས་ལྷ་ས་གྲོང་ཁྱེར་ལ་དཔེ་དེབ་6000ཙམ་ཞལ་འདེབས་སུ་ཕུལ་བ། /enpproperty-->