分享按钮

ལྷུན་གྲུབ་རྫོང་གི་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་སྟེ་མེ་ཟོན་བདེ་འཇགས་སྐོར་གྱི་སློབ་ཚན་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སློབ་གྲྭའི་དགེ་སློབ་ཀྱི་མེ་ཟོན་གྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་བདེ་འཇགས་ཀྱི་ལས་འཛོལ་སྣ་ཚོགས་མི་ཐོན་པར་བྱ་ཆེད། ཉེ་ཆར། ལྷུན་གྲུབ་རྫོང་སློབ་གསོ་ཅུས་ཀྱིས་ལྷུན་གྲུབ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་མཉམ་དུ་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་སྟེ་མེ་ཟོན་བདེ་འཇགས་སྐོར་གྱི་སློབ་ཚན་འཚོགས་པ་རེད།

སློབ་ཚན་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་ཡོངས་ཀྱི་སློབ་གྲྭ་ཚང་མར་དུས་མཉམ་དུ་འཚོགས་ཤིང་། མེ་ཟོན་དྲིལ་བསྒྲགས་པས་མེ་སྐྱོན་གྱི་མཚན་ཉིད་དང་། རིགས་དབྱེ། འཕེལ་རྒྱས་དུས་མཚམས་སོགས་མེ་ཟོན་གྱི་རྨང་གཞིའི་ཤེས་བྱ་རྒྱས་པར་གླེང་བ་དང་། རྒྱུན་མཐོང་གི་མེ་ཟོན་ཡོ་བྱད་དང་དེ་བཞིན་བེད་སྤྱོད་བྱ་ཐབས་ངོ་སྤྲོད་བྱས་པ་རེད། དེ་དང་ཆབས་ཅིག་བུ་བཅོལ་ཁང་དང་། སློབ་གྲྭ་འབྲིང་ཆུང་། དེ་བཞིན་སློབ་གྲྭ་ཆེན་མོ་སོགས་སུ་ཐོན་པའི་མེ་སྐྱོན་གྱི་གནས་ཚུལ་མང་དག་ཅིག་དཔེར་དྲངས་ནས་བདེ་འཇགས་ལ་གནོད་པའི་རྐྱེན་ངན་དང་གནོད་འཚེ་ཐོན་རྐྱེན་ལ་དབྱེ་ཞིབ་བྱས་པར་མ་ཟད། ལོགས་སུ་འཇོག་ཐབས་དང་། ཚ་བ་གཅོག་ཐབས། རྫས་འགྱུར་ཚོད་འཛིན་བྱེད་ཐབས་སོགས་མེ་གསོད་ཐབས་དང་དེ་བཞིན་མེ་སྐྱོན་ཐོན་ས་ནས་བྲོས་ཏེ་རང་སྐྱོབ་བྱེད་ཐབས་བརྒྱུད་སྤྲོད་བྱས་པ་རེད། ལྷུན་གྲུབ་རྫོང་གི་སློབ་གྲྭ་ཁག་གིས་ད་རེས་ཀྱི་བྱེད་སྒོར་མཐོང་ཆེན་བྱས་ཤིང་། ཡན་ལག་ཚོགས་ར་བཙུགས་ནས་དགེ་སློབ་སྒྲིག་འཛུགས་བྱས་ཏེ་སློབ་ཚན་ལ་ཧུར་ཐག་ཞུགས་པ་རེད། སློབ་སྦྱོང་བྱས་པ་བརྒྱུད། དགེ་སློབ་ཚོས་སྦྱངས་པའི་མེ་ཟོན་གྱི་ཤེས་བྱ་རྒྱུན་གཏན་གྱི་འཚོ་བའི་ནང་དུ་སྤྱད་དེ་རང་ཉིད་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ད་རེས་ཀྱི་བྱེད་སྒོ་དེས་སློབ་གྲྭའི་དགེ་སློབ་ཚོའི“མེ་ཟོན་ལ་སློབ་སྦྱོང་དང་། མེ་ཟོན་གྱི་ཐབས་ལམ་ཤེས་པ། མེ་ཟོན་གྱི་ཐབས་ལམ་སྤྱོད་པ”བཅས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། ཉེན་གཡོལ་རང་སྐྱོབ་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་རང་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྔར་བས་སྲུང་སྐྱོང་བྱེད་པ་དང་མེ་སྐྱོན་ལ་དོགས་ཟོན་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བཏོད་ཐུབ་ཡོད།

མ་འོངས་པར་ལྷུན་གྲུབ་རྫོང་སློབ་གསོ་ཅུས་ཀྱིས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”སྟེ་བདེ་འཇགས་སྐོར་གྱི་སློབ་ཚན་གོ་སྐབས་སུ་བྱས་ནས་ཁོངས་གཏོགས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཤིང་། མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། དགེ་སློབ་ཀྱི་འགོག་སྲུང་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། དོགས་ཟོན་གྱི་རྩལ་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གེགས་མེད་མཛེས་ལྡན་གྱི་སློབ་གྲྭ་ཞིག་གཏོད་རྒྱུ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 6 6 拉萨日报藏文 c177372.html 1 ལྷུན་གྲུབ་རྫོང་གི་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་སྟེ་མེ་ཟོན་བདེ་འཇགས་སྐོར་གྱི་སློབ་ཚན་འཚོགས་པ། /enpproperty-->