ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་རྔ་ཆེན་མངགས་གཏོང་ཁང་གླང་རུ་སྡེ་ཁུལ་ཉེན་དོན་ཁང་གིས་ཁོངས་གཏོགས་ཁུལ་གྱི་གྲོང་མི་ཨུ་ལྷན་དང་།སྡེ་ལས་སོགས་དང་མཉམ་འབྲེལ་བྱས་ནས་གྲོང་མིའི་སྡེ་ཁུལ་དུ་བསྐྱོད་དེ་གློག་སྒུལ་སྦག་སྦག་གི་མེ་ཟོན་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ་དང་གློག་སྒུལ་སྦག་སྦག་སྒྲིག་འགལ་ངང་བཞག་ཡོད་པ་དང་ཡང་ན་གློག་སྐུད་གང་བྱུང་དུ་འཐེན་ནས་གློག་གསོག་པ་སོགས་ཀྱི་སྣང་ཚུལ་ལ་བཅོས་སྒྲིག་བྱས་པ་རེད།
ཉིན་དེར་གླང་རུ་སྡེ་ཁུལ་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པས་ཁུལ་ཆུང་ཁག་གི་སྐས་འཛེག་དང་། བར་ཁྱམས། བདེ་འཇགས་ཐོན་སྒོ་བཅས་སུ་གློག་སྒུལ་སྦག་སྦག་བཞག་ཡོད་མེད་དང་། གློག་སྒུལ་སྦག་སྦག་ལ་གློག་གསོག་མིན། དེ་བཞིན་གློག་སྒུལ་སྦག་སྦག་ལ་གློག་གསོག་ཆེད་གང་བྱུང་དུ་གློག་སྐུད་འཐེན་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད། དེ་རྗེས་ཁུལ་ཆུང་གི་གློག་སྒུལ་སྦག་སྦག་གཅིག་སྡུད་གློག་གསོག་ཁུལ་གྱི་འབྲེལ་ཡོད་སྒྲིག་བཀོད་འཐུས་ཚང་ཡོད་མེད་ལ་ཞིབ་བཤེར་བྱས་པར་མ་ཟད། འབྲེལ་ཡོད་འགན་འཁུར་བར་ཇི་ལྟར་བྱས་ཏེ་གློག་སྒུལ་སྦག་སྦག་གི་དོ་དམ་ཚད་ལྡན་དུ་གཏོང་དགོས་མིན་ཐད་དྲིལ་བསྒྲགས་ཀྱང་བྱས་པ་རེད།
ཞིབ་བཤེར་བྱེད་རིང་གླང་རུ་སྡེ་ཁུལ་ཉེན་རྟོག་ཁང་གི་མི་དམངས་ཉེན་རྟོག་པས་སྡེ་ཁུལ་གྱི་སྡེ་ལས་ལས་དོན་མི་སྣ་དང་དེ་བཞིན་གྲོང་མིར་ཇི་ལྟར་བྱས་ནས་མེ་སྐྱོན་མི་ཐོན་པར་བྱེད་དགོས་པ་དང་། ཇི་ལྟར་བྱས་ནས་བྲོས་དགོས་མིན། ཇི་ལྟར་བྱས་ནས་རང་སྐྱོབ་བྱེད་དགོས་མིན། ཁྱིམ་ཚང་གི་མེ་ཟོན་སོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་དང་སྦྲགས། མེ་གསོད་ཡོ་བྱད་བེད་སྤྱོད་བྱེད་སྟངས་དང་དོ་སྣང་བྱེད་དགོས་པའི་གནད་དོན་ལ་གསལ་བཤད་བྱས་པ་རེད།
ད་ཐེངས་ཀྱི་ཞིབ་བཤེར་དང་དྲིལ་བསྒྲགས་བརྒྱུད་སྡེ་ལས་ལས་དོན་མི་སྣ་དང་གྲོང་མི་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་གློག་སྒུལ་སྦག་སྦག་གི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་བ་དང་། སྡེ་ཁུལ་གྱི་གྲོང་མིའི་བདེ་འཇགས་འགན་འཁྲིའི་འདུ་ཤེས་དང་མེ་ཟོན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྔར་བས་ཆེ་རུ་བཏང་ནས་བདེ་འཇགས་ཀྱི་ཤེས་བྱ་སེམས་ལ་འཇགས་པར་བྱས་ཡོད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社