(པར་ངོས་དང་པོར་མཐུད)ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་རྩ་གནད་ལག་བསྟར་བྱེད་པའི་དུས་འབྲིང་གི་ཚོད་སྐོར་སྙན་ཞུ་ལས་མངོན་པར་གཞིགས་ན།དམིགས་ཚད་གཙོ་བོ་20ཡི་ཁྲོད་ཀྱི་རྣམ་གྲངས་16གཞི་རྩའི་ཆ་ནས་འཚམ་པའམ་ཡང་ན་སྔོན་དཔག་ལས་མགྱོགས་པ་ཡོད་པ་དང་།ལས་གྲྭའི་རྣམ་གྲངས་102ཁྲོད་ཀྱི་རྣམ་གྲངས་96གི་འཕེལ་རིམ་སྔོན་དཔག་དང་མཐུན་ཡོད་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཀྲེ་ཅང་བཟོ་ལས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཡོན་ཆང་གིས་མཐའ་མའི་གདོང་མཆོང་གི་འགག་སྒྲོལ་དུས་མཚམས་སུ་སླེབས་པས།སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཏན་འཁེལ་བྱེད་སྐབས་འབྲེལ་ཡོད་བཀོད་སྒྲིག་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་འགོ་ཡག་པོ་ཞིག་འཛུགས་རྒྱུའི་འགན་ལེན་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།
2024ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ལས་འགན་དང་འགན་འཁྲི་གསར་པ་འཁུར་རྒྱུ་ཡིན་པ་སྟེ།
སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་45འཁོར་བ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ལོ་10འཁོར་བ་དང་།འདི་ལོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་ལོ་ཞིག་ཡིན་པས།ལས་འགན་གཙོ་བོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུར་ཇུས་འགོད་བྱ་རྒྱུ་དེ་རེད།
ཀྲུང་གོས་ཇི་ལྟར་བྱས་ཏེ་སྒྱུར་བཅོས་སྒོ་དབྱེའི་འགག་རྩའི་བྱེད་ཐབས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ཉེན་ཁའི་འགྲན་སློང་ལ་ཁ་གཏད་གཅོག་པ།དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ལ་རྒྱལ་ཁབ་ཕྱི་ནང་གིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།
ལག་ལེན་གྱི་རྒྱུན་མཐུད་རྩོམ་ཡིག་ཡག་པོ་བྲིས་ནས་དུས་རབས་ཀྱི་ལེའུ་གསར་པ་གཏོད་དགོས།
ཧྲེན་ཀྲེན་དུ་འབད་འཐབ་ལོ་30བྱས་པ་དང་། གླ་པ་བྱས་པ་ནས་ལས་གཏོད་བྱེད་པའི་བར་དང་དེ་ནས་ཁེ་ལས་ཀྱི་སྣེ་ཁྲིད་དེ་ལས་རིགས་ཀྱི་མདུན་གྲལ་དུ་སླེབས་པའི་བར།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉེ་ཀྲུའུ་ཆིང་ནི་སྒྱུར་བཅོས་སྒོ་དབྱེ་དངོས་སུ་བརྒྱུད་མྱོང་མཁན་དང་ཕན་པ་ཐོབ་མཁན་ཞིག་རེད།
འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས།ཉེ་ཀྲུའུ་ཆིང་གིས་སྒྱུར་བཅོས་ལས་གོ་སྐབས་ཐོབ་པ་དང་སྒོ་མོ་ཕྱེ་བས་ཁྲོམ་ར་རྒྱ་ཆེར་ཕྱིན།རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྐུལ་འདེད་འོག་རང་རྒྱལ་གྱི་ཕྱོགས་ཁག་གི་སྒྱུར་བཅོས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་སྒོ་དབྱེ་བྱ་ཤུགས་དེ་བས་ཆེ་རུ་བཏང་ནས་ལས་གཏོད་གསར་གཏོད་ཀྱི་སྤྲོ་སེམས་སྔར་བས་འཕེལ་བར་བྱེད་དགོས་ཞེས་བཤད།
ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བ་དང་ངར་ཤུགས་གཅིག་སྒྲིལ་གྱིས་འགག་རྩའི་ལོ་གཅིག་གི་གོམ་སྟབས་བརྟན་པོར་སྤོ་དགོས།
དཀའ་སྤྱད་འབད་བརྩོན་བྱས་པས་དཔྱིད་ཀ་ཤར་བ་སྔ།དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་དུས་ལ་སླེབས།
དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་གྱི་ལས་རིགས་འཁྲུག་ཆ་དོད་ཅིང་རྣམ་གྲངས་ཆེན་པོ་གཅིག་སྡུད་ཐོག་ལས་འགོ་ཚུགས་པ་དང་།འགོ་ཚུགས་ལོར་ངའི་ཕ་ཡུལ་དུ་ལས་བྲེལ་ཆེ་བའི་རྣམ་པ་ཞིག་མངོན་ཡོད་ཅེས་དང་།ཞིང་ལས་ལག་རྩལ་མི་སྣ་ཞིག་ཡིན་པའི་ངོས་ནས་ངས་ཚོགས་འདུ་མ་འཚོག་གོང་ན་ནིང་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཕོག་པའི་ཞིང་ནང་དུ་བསྐྱོད་དེ་ཡུལ་མི་ཚོར་དཔྱིད་རྨོད་གྲ་སྒྲིག་བྱེད་རོགས་བྱེད་ཀྱི་ཡོད་ཅེས་འཐུས་མི་དང་ཨུ་ཡོན་ཚོས་གཅིག་རྗེས་གཉིས་མཐུད་ངང་ས་གནས་ཁག་གི་དཔྱིད་གསར་གྱི་ཆ་འཕྲིན་གླེང་བཞིན་མཆིས།
གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་ཟླ་གཉིས་པར་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཚོང་དོན་བྱེད་སྒོའི་སྟོན་གྲངས་བརྒྱ་ཆ་51.0ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.9འཕར་ནས་ཞབས་ཞུའི་ལས་རིགས་རྒྱ་སྐྱེད་གཏོང་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།
ལོ་གསར་པའི་ནང་དུ་ཕྱི་རོལ་ཡུལ་གྱི་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་།ཛ་དྲག་རང་བཞིན།ངེས་མེད་རང་བཞིན་བཅས་ཆེ་རུ་ཕྱིན་ཡོད་མོད།འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་བསྐྱར་འཕེལ་ལེགས་ཕྱོགས་སུ་འཕེལ་བ་དང་།ཡུན་རིང་ལེགས་ཕྱོགས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པ།འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་མཐུན་རྐྱེན་ནི་གནོད་རྐྱེན་ལས་ཆེ་བ་དང་།རེ་བས་ཁེངས་ཤིང་།མདུན་ལམ་ཧ་ཅང་ཆེན་པོ་ལྡན་ཡོད།
འགག་རྩའི་ལོ་འདིར་དམིགས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྔར་བས་དོན་འཁྱོལ་བྱ་རྒྱུ་ཡིན་པ་སྟེ།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བརྟན་ཐོག་ཡར་འཕེལ་དང་།མདུན་སྐྱོད་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད།སྔོན་ལ་འཛུགས་སྐྲུན་དང་རྗེས་སུ་གཏོར་བ།ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་ཚོགས་ཆུང་གིས་བརྗོད་དོན་གཙོ་བོར་དམིགས་པ།ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པའི་ཐོག་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་རྙིང་ཚབ་གསར་བརྗེ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པ་སོགས་ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་གནང་སྟེ་འདི་ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་བཏོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཀྲུང་གོ་ཁེ་ལས་ནོར་དོན་དོ་དམ་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲང་ལན་ཆིས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་ནི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ལས་འགན་གལ་ཆེན་ཞིག་རེད་ཅེས་བཤད།ཁོང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་རྗེས་བཅའ་ཁྲིམས་ཀྱི་ནུས་པ་ལྡན་ཡོད་པས་ཏང་གི་འདོད་ཚུལ་དོན་ཐོག་ཏུ་འཁྱོལ་བ་དང་།སྲིད་ཇུས་བཟོ་བ་དང་ལག་ལེན་བསྟར་བའི་གཅིག་མཐུན་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་ཐུབ་པ།གནད་སྨིན་ཤུགས་འདོན་དང་།མཉམ་དུ་ཤུགས་རྒྱག་པ།མུ་མཐུད་ཤུགས་རྒྱག་པ་བཅས་བྱས་ནས་དམ་པ་དོན་གཉེར་གྱི་བྱ་སྤྱོད་ཐོག་ནས་སྤྱི་ཚོགས་ཡོངས་ཀྱི་ཡིད་ཆེས་འཕེལ་རྒྱུ་རེད་ཅེས་བཤད།
མི་རིང་བའི་གོང་ང་ཚོས་མེ་སྟག་ཤེས་རྟོགས་དཔེ་དབྱིབས་ཆེན་མོའི་པར་གཞི་གསར་པ་ཁྱབ་བསྒྲགས་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཁོ་ཏ་ཤུན་ཧྥེའི་ཏུང་ཧྲི་ཀྲང་ལིའུ་ཆིང་ཕུང་གིས་དཔེ་དབྱིབས་ཆེན་མོའི་ལག་རྩལ་གྱིས་ཀུན་སྤྱོད་མི་ཐབས་ལ་བརྟེན་པའི་རིག་ནུས་ཀྱི་དུས་རབས་མགྱོགས་མྱུར་ཡོང་བ་དེ་ནི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དཔེ་མཚོན་ཞིག་རེད་ཅེས་བཤད།
2023ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སུ་རྟོག་ཞིབ་གནང་སྐབས་ཐོག་མར་བཏོན་པ་ནས་འདི་ལོའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མཉམ་སྡེབ་སློབ་སྦྱོང་བྱེད་ཐེངས་དང་པོར་སླར་ཡང་ཇི་ལྟར་བྱས་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་དོ་ཁུར་རྒྱ་ཁྱབ་ཐོབ་པ་བྱེད་དགོས་ཞེས་ཐོག་མར་བཏོན་པ་རེད། འཐུས་མི་དང་ཨུ་ཡོན་མང་པོ་ཞིག་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ནི་གླེང་མང་བའི་བརྗོད་གཞི་ཞིག་ཡིན་པ་དང་།འཆར་གཞི་མང་པོར་གཅིག་རྗེས་གཉིས་མཐུད་ངང་སྐུལ་འདེད་གཏོང་རྒྱུའི་ངོས་འཛིན་བྱས་ཡོད།
རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིལ་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱིས་ཁ་ཕྱོགས་གཅིག་ཏུ་མཉམ་དུ་སྐྱོད་པའི་མཉམ་ཤུགས་ཤིག་སྔར་བས་གཅིག་ཏུ་འགྲིལ་རྒྱུ་ཡིན་པ་སྟེ།
ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་ཐན་ཧོང་ཕིང་གྲོང་རྡལ་ཡུས་གྲོང་ཚོར་ཉེ་དུས་བྱ་བ་གསར་པ་ཟམ་མི་ཆད་པར་ཐོན་བཞིན་ཡོད་པ་སྟེ། ན་ནིང་ཀྲུའུ་ལིན་ཐཱན་འདུས་ལས་གྲོང་ཚོར་ཡོང་འབབ་མང་པོ་བྱུང་ནས་ཡུས་གྲོང་ཚོའི་གོ་ལ་ཧྲིལ་པོའི་མཉམ་ལས་མི་སྣའི་འཆར་གཞིར་རྣམ་གྲངས་50ལྷག་ཙམ་དོན་འཁྱོལ་བྱུང་ནས་ཏ་ཡུས་གྲོང་ཚོ་འཛུགས་སྐྲུན་གྱིས་གནས་ཀྱིས་ཁྱོན་ཡོངས་ལ་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡུས་ཁྲེང་གིས་ང་ཚོས་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བྱས་པ་བརྒྱུད་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ངོས་འཛིན་གཅིག་མཐུན་ཁྲོད་དུ་མཐུན་སྒྲིལ་སྲ་བརྟན་དང་མཐུན་སྒྲིལ་ཁྲོད་དུ་སེམས་ཤུགས་གཅིག་སྒྲིལ་བྱེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཀྲུང་གོ་བཟོ་པའི་ཚན་རྩལ་གྱི་ཏུང་ཧྲི་ཀྲང་མ་ཤིན་ཆང་གིས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འབད་མངོན་འགྱུར་བྱེད་པར་ཐོན་སློབ་ཞིབ་གསུམ་གྱི་ངར་ཤུགས་གཅིག་ཏུ་སྒྲིལ་དགོས་ཀྱི་ཡོད། ཚོགས་འདུའི་ཐོག་ངས་འབྲེལ་ཡོད་འཐུས་མི་དང་མཉམ་དུ་ཚན་རྩལ་གསར་གཏོད་ནུས་པའི་ལམ་ལུགས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་གནད་དོན་ལ་གྲོས་བསྡུར་གཏིང་ཟབ་བྱས་ནས་ཚན་རྩལ་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྩིས་ཡོད་ཅེས་གསུངས་པ་རེད།
མཛེས་སྡུག་ལྡན་པའི་འཆར་འགོད་ལ་རྒྱང་ལྟ་བྱས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་སྔར་བས་འཕེལ་རྒྱུ་ཡིན་པ་སྟེ།
བདེ་སྐྱིད་འཚོ་བ་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། དེ་སྔའི་དུད་ཚང་དབུལ་པོ་ནས་ད་ཆ་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པའི་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཅང་ཤིས་ཞིང་ཆེན་ཤིང་གོ་རྫོང་ཧྥང་ཐའེ་ཤང་ཅིང་ཁོའུ་གྲོང་ཚོའི་ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝུན་ཧྲན་ལན་གྱིས་མཐུན་སྒྲིལ་མཉམ་ལས་དང་འགག་སྒྲོལ་དཀའ་སེལ་ཐད་མྱོང་ཚོར་ཟབ་མོ་ཡོད།
ན་ནིང་ཅིང་ཁོའུ་གྲོང་ཚོས་དུས་གཅིག་ཏུ་ཤིང་འབྲས་དང་ཇ་ལོ་སོགས་ཕུགས་ཕན་ཐོན་ལས་དང་ཁྲོམ་རའི་མདུན་ལམ་ལེགས་པའི་ཐོན་ལས་སྐྱེད་སྲིང་བྱས་པ་བརྒྱུད།གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ལ་ཁྱད་ཆོས་ལྡན་པ་དང་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.3ཟིན་ཡོད་པ་རེད།
ཝུན་ཧྲན་ལན་གྱིས་འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་ཁྲི་སྟོང་འདུ་འགོད་ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱིས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བའི་རྣམ་པ་གསར་པ་ཇི་ལྟར་གཏོད་རྒྱུའི་ཐད་ང་ཚོས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།
གནམ་ས་རྒྱ་ཆེ་ཞིང་། ཡངས་པའི་ལམ་ཆེན་ཐོག་བསྐྱོད་རྒྱུར་སྐུལ་མ་གཏོང་།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཆི་ཨན་ཤིན་ཚན་རྩལ་ཚོགས་པའི་ཏུང་ཧྲི་ཀྲང་གི་འགན་འཁུར་བཞིན་པའི་ཆི་ཤང་ཏུང་གིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་ལོ་10རིང་མཉམ་དུ་འཕེལ་རྒྱས་གཏོང་བའི་ནང་ཞུང་ཨན་ཁུལ་གསར་དུ་སྔོན་ལ་བཅའ་སྡོད་བྱས་པ་རེད།
ཆི་ཤང་ཏུང་གིས་ཞུང་ཨན་ལ་གྲངས་འཛིན་ཅན་གྱི་རྣམ་པ་གསར་པ་ཡོད་པས་གོ་སྐབས་གསར་པ་གང་སར་ཡོད།ང་ཚོས་ཞུང་ཨན་དུ་གྲངས་འཛིན་གྲོང་ཁྱེར་བདེ་འཇགས་སྤྱི་ཁྱབ་པུའུ་དང་གྲངས་འཛིན་གྲོང་ཁྱེར་གྱི་དྲ་རྒྱའི་བདེ་འཇགས་ཞིབ་འཇུག་ཁང་བཙུགས་ཏེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྗེས་མའི་ལོ་10ཡི་རིང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུའི་འཆར་གཞི་ཡོད་ཅེས་བཤད་པ་རེད།
དམངས་ཀྱི་འདོད་བློར་ཉན་པ་དང་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་གཏིང་ཟབ་བསྟར་དགོས།
མི་དམངས་ཀྱིས་ང་འཐུས་མིར་བདམས་པ་དང་། ངས་མི་དམངས་ཀྱི་ཚབ་བྱེད་ཅེས་པ་དེ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཧྲན་ཤིས་ཞིང་ཆེན་ལུའོ་དབྱང་རྫོང་ཏ་ཀྲའེ་གྲོང་རྡལ་ཏ་ཀྲའེ་གྲོང་ཚོའི་སྤྱི་ཁྱབ་ཏང་ཀྲི་པུའི་ཧྲུའུ་ཅི་ཀུའོ་ཕུང་ལན་གྱིས་རྒྱུན་དུ་ཤོད་པའི་གཏམ་ཞིག་རེད།
ཀྲུང་གོའི་དམངས་གཙོ་ནི་མི་དམངས་ཁྲོད་རྩ་བ་བརྟན་པོར་ཚུགས་པ།
ལོ་20ལྷག་ཙམ་ལ་སླེབས་སྐབས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཞི་པའི་འཐུས་མིར་བདམས་པ་ནས་ལོ་70ལྷག་ཙམ་ལ་སླེབས་སྐབས་ཐེངས་བདུན་པར་བདམས་པ་དང་གྲོང་གསེབ་ཀྱི་གད་སྙིགས་བཅོས་སྒྲིག་བྱ་རྒྱུའི་གྲོས་འགོ་བཏོན་པ་ནས་གྲོང་གསེབ་ཀྱི་རྒན་གསོ་ལ་སྐུལ་འདེད་བཏང་བའི་བར་འཐུས་མི་རྒན་གྲས་དེས་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་ཆེད་དུ་འགན་འཁྲི་བསྒྲུབ་རྒྱུ་བརྗེད་མེད།
ཀུའོ་ཕུང་ལན་གྱིས་ང་གྲོང་གསེབ་ནས་ཡོང་བ་དང་གྲོང་གསེབ་ཏུ་སྡོད་ཀྱི་ཡོད། ཉིན་ལྟར་ཞིང་པ་དང་འབྲེལ་བ་བྱེད་དགོས་ཀྱི་ཡོདཔས། འཐུས་མི་ཚོས་བསམ་བློ་གཏོང་མང་ཤོས་ནི་ཇི་ལྟར་བྱས་ནས་ཞིང་པར་དེ་བས་ལེགས་པའི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་དེ་རེད་ཅེས་བཤད།
འདི་ལོ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་75འཁོར་བ་ཞིག་རེད།
ཀྲུང་གོ་གསར་པ་དབུ་བརྙེས་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་མངོན་འགྱུར་བྱུང་ནས་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་བྱེད་པའི་བར་རང་རྒྱལ་གྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་དམངས་གཙོའི་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལ་འགྲེལ་བཤད་གསར་པ་རྒྱག་རྒྱུ་རེད།
འདི་ནི་ཚོགས་རའི་ཕྱི་ནང་ཡོངས་ནས་དམངས་གཙོ་བརྒྱུད་སྤྲོད་བྱེད་པ་ཞིག་ཡིན་པ་སྟེ།
ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཁུལ་ཧུང་ཆའོ་ཁྲོམ་གཞུང་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སུ་བཙུགས་པའི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཁག་དང་པོའི་གྲས་ཤིག་ཡིན་པ་དང་།གཞི་རིམ་གྱི་དམངས་འདུན་དེ་ཁྲིམས་འཛུཊ་ཐད་སྐྱོད་རླངས་འཁོར་ཐོག་བཀོད་ཡོད།
ན་ནིང་ཟླ་9པར་སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་གྱི་ཁྲིམས་འཛུགས་བསམ་འཆར་བསྡུ་ལེན་ཚོགས་འདུ་ཞིག་འཚོགས་སྐབས།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཀུའུ་པེ་རུང་ཧྭ་གྲོང་མིའི་ཁུལ་བཞི་པའི་སྤྱི་ཁྱབ་ཏང་ཀྲི་པུའི་ཧྲུའུ་ཅི་ཧྲེང་ཧུང་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་དེ་ནི་སྡེ་ཁུལ་གྱི་གྲོང་མིའི་ས་ནས་བསམ་འཆར་བསྡུ་ལེན་བྱེད་སྐབས་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ཡུལ་མི་མི་ཉུང་བ་ཞིག་གིས་ཀྱང་གྲོས་འགོ་བཏོན་པའི་འདྲི་བ་དེ་དག་ཡིན་པ་རེད།
འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ཁོང་གི་དོ་ཁུར་བྱ་ཡུལ་སྔར་བཞིན་སྡེ་ཁུལ་ཡིན་པ་རེད།ཧྲེང་ཧུང་གིས་རང་ཉིད་ཀྱིས་བརྟག་ཞིབ་དང་འཚོལ་བསྡུ་བྱས་པའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་གོང་ལ་ཞུས་ནས་མང་ཚོགས་དེ་བས་མང་བས་བསམ་གཞིགས་བྱ་ཡུལ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་མཐོ་རིམ་ཇུས་འགོད་དང་མཉམ་འདྲེས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
འདི་ནི་ཚོགས་ཐོག་ནས་ཚོགས་འདུ་གྲོལ་བའི་བར་གྱི་དམངས་འཚོའི་རྒྱུན་མཐུད་པ་ཞིག་ཡིན་པ་སྟེ།
ན་ནིང་ཟླ་12པར་ཀན་སུའུ་ཞིང་ཆེན་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་པ་དང་རླངས་འཁོར་ཤར་གཏོང་ཐུབ་མ་ཐག་པའི་ལིན་ཏ་མྱུར་བགྲོད་གཞུང་ལམ་དེ་གེགས་ཁུལ་དུ་སྐྱོད་པའི་ཚེ་སྲོག་གི་ལམ་བུ་ཞིག་ཏུ་གྱུར་ཡོད། གཞུང་ལམ་དེར་ས་གནས་དེ་གའི་མང་ཚོགས་ཀྱིས་རེ་སྒུག་ཡུན་རིང་བྱས་པ་དང་2019ལོར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཏུང་ཚའེ་ཡུན་གྱིས་བཏོན་པའི་གྲོས་འགོ་དེས་ལས་འགོ་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད།
འཐུས་མིར་ཐེངས་གཉིས་བདམས་ཐོན་བྱུང་རྗེས། ཉིང་ཞ་སྒོ་འབྱེད་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཡིན་པའི་ཏུང་ཚའེ་ཡུན་གྱིས་སློབ་གསོའི་གནད་དོན་ལ་སྔར་བས་བསམ་གཞིགས་ཟབ་མོ་བྱས་ཡོད། འདི་ལོ་ཁོང་གིས་མི་རིགས་ས་ཁུལ་གྱི་མཐོ་རིམ་སློབ་འབྲིང་གི་སློབ་གནས་གསབ་སྣོན་རྣམ་གྲངས་ལ་གཟིགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་སོགས་ཀྱི་གྲོས་འགོ་འདོན་རྒྱུ་ཡིན་པས། ཁོང་གིས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། མི་དམངས་ཚོགས་ཁང་ཆེན་མོར་དམངས་གཙོ་དང་དམངས་འཚོ་མཉམ་འདྲེས་ཐུབ་རྒྱུ་རེད།
ལོ་ལྟར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་མི་དང་ཨུ་ཡོན་རྣམས་དང་ལྷག་བསམ་རྣམ་དག་གིས་སྤེལ་རེས་དང་རྒྱལ་དོན་མཉམ་གྲོས་གནང་གི་ཡོད།
མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཚོགས་པའི་ཚང་འཛོམས་ཚོགས་འདུ་དང་། ཚོགས་ཆུང་གི་གྲོས་ཞིབ།སྲིད་གྲོས་ཀྱི་ལས་རིགས་ཁག་གི་གྲོས་མོལ་ཚོགས་འདུ། ཚོགས་ཆེན་ཐོག་གི་གཏམ་བཤད་སོགས་ལ་ཚོགས་འདུ་གཉིས་ཀྱི་རིང་འཐུས་མི་དང་ཨུ་ཡོན་ཚོས་ཚོགས་འདུའི་གྲོས་རིམ་གཞིར་བཟུང་གྲོས་ཞིབ་དང་གྲོས་བསྡུར་ནན་ཏན་བྱས་ཏེ་བསམ་བློ་སྤེལ་རེས་དང་ལྟ་སྟངས་སྤེལ་རེས་བྱ་རྒྱུ་རེད།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་གསར་འགོད་པའི་ཚོགས་འདུ་ནས་འཐུས་མིའི་བགྲོད་ལམ་དང་། ཨུ་ཡོན་གྱི་བགྲོད་ལམ། པུའུ་ཀྲང་གི་བགྲོད་ལམ་བཅས་སུ་ཚོགས་འདུ་གཉིས་ཀྱིས་འཛམ་གླིང་ལ་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་གྱི་འབོད་སྒྲ་ཡག་པོ་ཞིག་གཏོང་རྒྱུ་རེད།
དམངས་གཙོ་འཐུས་ཚང་ཡོང་བ་དང་དམངས་ཀྱི་བསམ་འདུན་ཤར་གཏོང་ཐུབ་པར་བྱེད།
མིག་སྔར། སློབ་གྲྭ་ཡག་པོ་ཞིག་ལ་འགྲོ་ཐུབ་པ་ནས་སྨན་བཅོས་ཡག་པོ་ཞིག་བྱེད་ཐུབ་པའི་བར་དང་། སྤྱོད་གོ་ཆོད་པ་ནས་རྒས་དུས་འཚོ་རྟེན་ཡོད་པའི་བར། མི་དམངས་མང་ཚོགས་ལ་སློབ་གསོ་དང་། སྨན་བཅོས། ལས་ཞུགས་སོགས་པའི་ཐད་ལ་ད་དུང་འཕྲལ་མཁོ་དང་།དཀའ་ངལ།སེམས་ཁྲལ།རེ་བ་བཅས་མི་ཉུང་བའི་གནད་དོན་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ལུའོ་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་སློབ་སྤྱི་གཞོན་པ་མ་ཅུན་གྱིས་མི་དམངས་སྲིད་གྲོས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་ནས་རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོར་འཆང་བ་དང་། དམངས་ཀྱི་དོ་ཁུར་ལ་དམིགས་པ། སྲིད་དོན་ཇུས་འབུལ་ཧུར་ཐག་བཅས་བྱས་ནས་འགན་འཁྲི་ཡག་པོ་ཁུར་རྒྱུ་ཡིན་ཞེས་བཤད།
དཔྱིད་རླུང་དང་འགྲོགས་ནས་མདུན་ནས་མདུན་དུ་སྐྱོད།
རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱིས་ཀྲུང་གོ་མི་དམངས་ལ་ཡིད་ཆེས་བརྟན་པོ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་བློ་གྲོས་དང་སྟོབས་ཤུགས་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་སྡུད་བྱས་ནས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་པའི་ལྕག་སྐུལ་བྱེད་ངེས་རེད།(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་3ཉིན་འབྱོར་བའི་གློག་འཕྲིན)
(བུ་ཆུང་དང་སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社