འགལ་ཟླ་སེལ་བ་དང་། འགྲིམ་འགྲུལ་ལ་སྲུང་སྐྱོང་། བཅའ་ཁྲིམས་དྲིལ་བསྒྲགས་སོགས་གྲོང་ཚོའི(གྲོང་ལྷན)ཉེན་རྟོག་ལས་དོན་ཁང་ཆུང་ཆུང་གིས་ཉེན་རྟོག་པ་དང་མི་དམངས་དབར་འབྲེལ་ཟམ་ཡག་པོ་ཞིག་བཙུགས་ཡོད། ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་སྤྱི་བདེ་ཅུས་ཀྱིས་འགལ་བ་གོང་ཞུ་མི་བྱེད་པ་དང་། དུས་བདེ་ཡོང་བ། ཞབས་ཞུ་ཡག་པོ་སྒྲུབ་པ་བཅས་ཀྱི་གཙོ་དོན་ཆེན་པོ་གསུམ་ལ་དམ་པོར་དམིགས་ནས་ཉེན་རྟོག་ལས་དོན་སྔ་སྣུར་དུ་སྤེལ་ཏེ་གཞུང་དོན་ལས་སྒྲུབ་དང་། མང་ཚོགས་ལ་སྣེ་ལེན་ཞུ་བ། རྩོད་གཞི་འདུམ་འགྲིག་སོགས་གཞི་གཅིག་ཅན་གྱི་གྲོང་ཚོའི(གྲོང་ལྷན)ཉེན་རྟོག་ལས་དོན་ཁང་ཞིག་བསྐྲུན་ཡོད་པ་རེད།
ཆུ་ཤུར་རྫོང་སྤྱི་བདེ་ཅུས་གནམ་ཤང་མངགས་གཏོང་ཁང་ལྗང་གྲོང་ཚོའི་ཉེན་རྟོག་ལས་དོན་ཁང་དུ་སྐྱོད་སྐབས་གསར་འགོད་པས་མི་དམངས་ཉེན་རྟོག་པས་གྲོང་མི་ལྷག་པ་སྒྲོལ་མར་ཐོབ་ཐང་ལག་ཁྱེར་བཟོ་བཞིན་པ་མཐོང་བྱུང་། ལྷག་པ་སྒྲོལ་མར་ཐོབ་ཐང་ལག་ཁྱེར་དགོས་གལ་ཆེ་བའི་དབང་གིས་ལྗང་གྲོང་ཚོའི་ཉེན་རྟོག་ལས་དོན་ཁང་དུ་ཐོབ་ཐང་ལག་ཁྱེར་གྱི་འགྲོ་ལུགས་གཉེར་བར་ཡོང་ཡོད།མི་དམངས་ཉེན་རྟོག་པས་སྐར་མ་20ཡང་མ་འགོར་བར་ཁོང་གི་གནད་དོན་ཐག་གཅོད་བྱས་ཡོད།
ལྷག་པ་སྒྲོལ་མས་ཉེན་རྟོག་ལས་དོན་ཁང་བཙུཊ་པ་དེས་ང་ཚོའི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། ངའི་ཐོབ་ཐང་ལག་ཁྱེར་བཟོ་རྒྱུའི་གནད་དོན་དང་འདྲ་བར་སྔོན་མ་ཡིན་ཚེ་རྫོང་དུ་ཕྱིན་ན་མ་གཏོཊ་བཟོ་ཐུབ་ཀྱི་མེད། ད་ཆ་གནད་དོན་དེ་རིཊ་རང་ཁྱིམ་གྱི་སྒོ་འགྲམ་དུ་ཐག་གཅོད་ཐུབ་པར་མ་ཟད། མི་དམངས་ཉེན་རྟོག་པའི་ཞབས་ཞུའི་རྣམ་འགྱུར་ཡང་ཧ་ཅང་ཡག་པོ་འདུག་ཅེས་བཤད།
ལྗང་གྲོང་ཚོའི་ཉེན་རྟོག་ལས་དོན་ཁང་འདི་ཉིད་2020ལོར་བཙུགས་པ་ནས་བཟུང་། དམངས་ལ་ཞབས་འདེགས་ཞུས་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་རྒྱུ་དམིགས་ཡུལ་དུ་བྱས་ཏེ།འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་དང་དེ་བཞིན་རིགས་ཁག་གི་རྨང་གཞིའི་ཆ་འཕྲིན་འཚོལ་བསྡུ་སོགས་ཀྱི་ལས་དོན་ཏན་ཏིག་ངང་སྤེལ་ཡོད། དེ་དང་ཆབས་ཅིག་ད་དུང་གྲོང་མིར་ལག་ཁྱེར་ཚབ་སྒྲུབ་དང་ཐེམ་ཐོ་རེ་ཞུ་སོགས་དམངས་ཕན་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱས་ནས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་ཡོང་བར་བྱས་ཡོད།
ཆུ་ཤུར་རྫོང་སྤྱི་བདེ་ཅུས་གནམ་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པས་ང་ཚོའི་ཉེན་རྟོག་ལས་དོན་ཁང་བཙུགས་རྗེས། གྲོང་མིའི་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་སོང་ལ་དུས་རྒྱུན་དམངས་ཀྱི་གནས་ཚུལ་ཤེས་རྟོགས་གང་ལེགས་ཐུབ་ནས་འགལ་བ་ཡང་གཞི་རིམ་དུ་སེལ་ཆོག་གི་ཡོད། ཕྱིས་འབྱུང་ང་ཚོས་གྲོང་ཚོའི(གྲོང་ལྷན)ཉེན་རྟོག་ལས་དོན་ཁང་གི་ནུས་པ་ཆེ་རུ་བཏང་ནས་དམངས་ལ་བྱ་བ་དངོས་དེ་བས་མང་བ་བསྒྲུབ་རྒྱུ་ཡིན་ཞེས་བཤད།
མིག་སྔར་ཆུ་ཤུར་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་སྟོབས་ཤུགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གཞི་རིམ་དུ་བཏང་སྟེ་གྲོང་ཚོ་དང་ཚོགས་ཆུང་དུ་ཁྱབ་པར་བྱས་ནས་མང་ཚོགས་ལ་ཞབས་ཞུ་དང་དོ་དམ་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏང་ཡོད། ཆུ་ཤུར་རྫོང་གི་གྲོང་ཚོ(གྲོང་ལྷན)ཁག་གི་ཉེན་རྟོག་ལས་དོན་ཁང་གིས་ཀྱང་གྲོང་མིར་རྒྱུས་མངའ་ཡོད་པ་དང་། ཆ་འཕྲིན་ཤེས་པ། གནས་ཚུལ་སྔ་ཙམ་ཤེས་རྟོགས་ཐུབ་པ།ཐག་གཅོད་མྱུར་པོ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་ཐག་གཅོད་ཐུབ་པ་དང་འབྱུང་རྩ་ནས་བསལ་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社