分享按钮

རང་གྲོང་གི་ལས་རིགས་ཁག་གིས་དང་པོའི་བཅོ་ལྔའི་དུས་ ཆེན་གྱི་གཙོ་དོན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

པར་འདི་ནི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་དང་པོའི་བཅོ་ལྔའི་དུས་ཆེན་གྱི་བྱེད་སྒོ་སྤེལ་བའི་ཁྲོད་གབ་ལན་བརྒྱབ་ཐུབ་པའི་གྲོང་མིས་བྱ་དགའ་ལེན་བཞིན་པའི་གནས་ཚུལ་ཡིན་པ།

དང་པོའི་བཅོ་ལྔའི་དུས་ཆེན་རིང་ཐང་ཡོན་བཟོ་བ་དང་།ལྒང་བཞུའི་གབ་ཚིག་གི་གབ་ལན་འཚོལ་བ།རིག་རྩལ་འཁྲབ་སྟོན་ལ་བལྟ་བ་སོགས་དང་པོའི་བཅོ་ལྔའི་དུས་ཆེན་རིང་རང་གྲོང་གི་རྫོང(ཆུས)དང་ཁྲོམ་གཞུང(སྡེ་ཁུལ) དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིཊ)བཅས་སུ་དང་པོའི་བཅོ་ལྔའི་དུས་ཆེན་གྱི་བྱེད་སྒོ་སྤེལ་ཡོད་ཅིང་།མང་ཚོགས་ཚོས་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་བྱེད་སྒོའི་ཁྲོད་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པར་མྱོང་རོལ་བྱས་ཡོད།

དཔལ་གླིང་སྡེ་ཁུལ།

ཉེ་ཆར།བར་སྐོར་ཁྲོམ་གཞུང་དཔལ་གླིང་སྡེ་ཁུལ་གྱིས་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི(གླུ་གར་ཚོགས་པ)ཏང་སྤྱི་ཁྱབ་ཀྲི་པུའུ་དང་མཉམ་འབྲེལ་ཐོག་སྡེ་ཁུལ་བྱེད་སྒོའི་ལྟེ་གནས་སུ་དང་པོའི་བཅོ་ལྔའི་དུས་ཆེན་དགའ་གཏོང་བྱེད་ཅེས་པ་གཙོ་དོན་དུ་བྱས་པའི་དང་པོའི་བཅོ་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་མཉམ་དུ་འཁྲབ་སྟོན་བྱས་ཡོད།

དཔལ་གླིང་སྡེ་ཁུལ་རིག་རྩལ་རུ་ཁག་གིས་འཁྲབ་སྟོན་བྱས་པའི་ཞབས་བྲོ《ནང་མ》ཞེས་པའི་འགྱུར་ཁུག་དང་བསྟུན་ནས་རིག་རྩལ་འཁྲབ་སྟོན་དངོས་སུ་འགོ་ཚུགས་ཡོད་ཅིང་།ཁེར་གཞས《གྲོང་གསེབ་ཀྱི་བུ་མོ》དང《བཀྲ་ཤིས་ལོ་གསར》 དགོད་བྲོའི་གཏམ་གླེང《བཟའ་བཅའི་བདེ་འཇགས་མི་ཚང་མར་འགན་འཁྲི་ཡོད》དང《འགྱུར་བ་མེད་པའི་སྙིང་སྟོབས》 ཞབས་བྲོ《སྒོར་གཞས》སོགས་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ནས་སྡེ་ཁུལ་གྱི་གྲོང་མིར་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད།

བར་སྐོར་ཁྲོམ་གཞུང་དཔལ་གླིང་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བཀྲ་ཤིས་དོན་གྲུབ་ཀྱིས་དགའ་སྤྲོ་དང་།འཆམ་མཐུན།འཁྲུག་ཆ་དོད་པ་བཅས་ཀྱི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་ཆེད།དཔལ་གླིང་སྡེ་ཁུལ་གྱིས་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་དང་མཉམ་དུ་ཏང་འཛུགས་སྐྱོང་གི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་དང་པོའི་བཅོ་ལྔའི་དུས་ཆེན་དགའ་གཏོང་བྱེད་ཅེས་པའི་རིག་རྩལ་འཁྲབ་སྟོན་བྱས་ནས་སྡེ་ཁུལ་མང་ཚོགས་ཀྱི་ཧུར་བརྩོན་ཡར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད།ཕྱིས་འབྱུང་དཔལ་གླིང་སྡེ་ཁུལ་གྱིས་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་བྱེད་སྒོར་མུ་མཐུད་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ནས་ཞབས་ཞུའི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བཤད།

གསང་ཡིབ་སྡེ་ཁུལ།

དང་པོའི་བཅོ་ལྔའི་དུས་ཆེན་གྱི་ཉིན་དེར་དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་རྣམས་མཉམ་དུ་འཛོམས་ནས་དང་པོའི་བཅོ་ལྔའི་དུས་ཆེན་དགའ་གཏོང་བྱེད་ཅེས་ལྒང་བཞུའི་གབ་ལན་བཙལ་ནས་སྲོལ་རྒྱུན་གྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།

གསང་ཡིབ་སྡེ་ཁུལ་གྱི་ཀྲུའུ་རེན་སྒྲོལ་མ་ལྷ་འཛིན་གྱིས་གསར་འགོད་པར་ལྒང་བཞུའི་གབ་ལན་བཙལ་ནས་དང་པོའི་བཅོ་ལྔའི་དུས་ཆེན་དགའ་བས་བསུ་བའི་བྱེད་སྒོ་སྤེལ་དོན་ནི་སྡེ་ཁུལ་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་གྲོང་མིའི་སྐྱིད་སྣང་དང་གཏོགས་སེམས་ཆེ་རུ་བཏང་ནས་སྡེ་ཁུལ་གྱི་མི་རིཊ་ཁག་གི་མང་ཚོགས་ཚོར་སྲོལ་རྒྱུན་གྱི་དུས་ཆེན་ཤེས་རྟོཊ་དང་དེའི་ནང་ཞུགས་སུ་བཅུག་སྟེ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་ཞེས་བཤད།

སྡེ་ཁུལ་གྱི་གྲོང་མི་ཕུར་བུ་ཚེ་རིང་གིས་བྱེད་སྒོ་དེ་རིགས་སྤེལ་བ་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཡིན་པས།ང་ཚོས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་ཤེས་རྟོགས་དང་རྒྱུན་འཛིན་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

མལ་གྲོ་གུང་དཀར་རྫོང་།

ཟླ་2ཚེས་24ཉིན།ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས་མང་ཚོཊ་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོཊ་སུ་གཏོང་ཆེད། མལ་གྲོ་གུང་དཀར་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་སྟེ་དང་པོའི་བཅོ་ལྔའི་དུས་ཆེན་གྱི་གཙོ་དོན་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད།

ཉིན་དེར་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་གི་འབྲོག་པ་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་རི་མདོ་སྒང་གྲོང་ཚོའི་སྤང་མདོ་ཚོགས་ཆུང་གི་རྩྭ་ཐང་ཐོག་ཕུབ་པའི་སྦྲ་གུར་ནང་ཞིམ་ཟས་ལོངས་སྤྱོད་བྱས་ནས་ཕན་ཚུན་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་དང་བཀྲ་ཤིས་པའི་རྣམ་པའི་ཁྲོད་ལོ་གསར་གྱི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། སྔ་རྗེས་སུ་འོ་མ་འཇོ་བ་དང་གླང་འཛིང་སོགས་ཀྱི་འགྲན་བསྡུར་བྱས་ཡོད།འགྲན་བསྡུར་བྱ་ཡུལ་དུ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་པས་འབྲོག་ཁུལ་གྱི་གདོད་མའི་འབྱུང་ཁམས་འཚོ་བ་དང་ཐོན་སྐྱེད་བྱེད་སྟངས་བར་ཐག་ཉེ་པོས་མྱོང་རོལ་བྱེད་ཆོག་པར་མ་ཟད།འབྲོག་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ལའང་མྱོང་རོལ་བྱེད་ཆོག་གི་ཡོད།

ད་ཐེངས་ཀྱི་བྱེད་སྒོ་ལས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ཕྱོགས་བསྡུས་ཞབས་ཞུ་ལས་འབྲོག་པའི་འཚོ་བ་སྐྱིད་དུ་ཕྱིན་པར་མ་ཟད།དུས་རབས་གསར་པའི་འབྲོག་ཁུལ་གྱི་འཚོ་བ་བདེ་སྐྱིད་ལྡན་པ་དང་འབྲོག་པའི་ཧུར་བརྩོན་ཡར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཡང་མངོན་ཡོད།

སྟོད་ལུང་བདེ་ཆེན་ཆུས།

ཉེ་ཆར།སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུའུ་དང་ལྗོངས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་།གདོང་དཀར་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་དང་གདོང་དཀར་ཁྲོམ་གཞུང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱིས་སྒྲུབ་འགན་འཁུར་བའི་དང་པོའི་བཅོ་ལྔའི་དུས་ཆེན་གྱི་གཙོ་དོན་བྱེད་སྒོ་དེ་བཀྲ་ཤིས་ཞི་མཐུན་གླིང་སྡེ་ཁུལ་དུ་གཉེར་ཡོད། སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུའུ་དང་གདོང་དཀར་ཁྲོམ་གཞུང་གི་ལས་བྱེད་པ་དང་ལས་བཟོ་བ་དེ་བཞིན་སྡེ་ཁུལ་ཁག་གི་ལས་དོན་མི་སྣ་དང་མང་ཚོགས་ཀྱི་འཐུས་མི་སོགས་ཁྱོན་མི་70ལྷག་ཙམ་བྱེ་སྒོར་ཞུགས་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ལྒང་བཞུ་དང་ཚོན་ཁྲ་ཅན་གྱི་ཤོག་བུ་མང་པོ་བཀལ་ཡོད་པས་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་།སྤྲོ་སྣང་དོད་པའི་ཞབས་བྲོ《བདེ་སྐྱིད་ལྡན་པའི་ལྷ་ས》དང་།སྒོར་གཞས《ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང》སོགས་ངོ་མཚར་ཆེ་བའི་ལེ་ཚན་རེ་མོས་ངང་འཁྲབ་སྟོན་བྱས་པ་དང་།ཚང་མས་གླུ་དབྱངས་དང་ཞབས་བྲོའི་ཐོག་ནས་ཏང་དང་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད། བྱེད་སྒོའི་ཐོག་ད་དུང་དང་པོའི་བཅོ་ལྔའི་དུས་ཆེན་གྱི་གཏམ་རྒྱུད་དང་ལྒང་བཞུའི་གབ་ཚིག་འཚོལ་བ་སོགས་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ནས་འཁྲུག་ཆ་དོད་པའི་བྱེད་སྒོ་སྤེལ་ཡོད།

ད་ཐེངས་ཀྱི་བྱེད་སྒོར་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་གཞི་རྟེན་དུ་བྱས་ནས་འཆམ་མཐུན་དང་སྐྱོན་བྲལ་ཡར་བརྩོན་གྱི་དུས་ཆེན་རྣམ་པ་ཞིག་བཏོད་དེ་ཚང་མས་བྱེད་སྒོའི་ཁྲོད་ནས་དུས་ཆེན་གྱི་སྤྲོ་སྣང་དང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུཊ་མྱོང་ཚོར་ཐུབ་པ་དང་།ལས་བྱེད་པ་དང་མང་ཚོཊ་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ། ལས་བྱེད་པ་དང་མང་ཚོཊ་དབར་གྱི་སྤེལ་རེས་ལ་ཤུཊ་སྣོན་ཐེབས་པ་བཅས་བྱས་ཡོད།

རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་།

ཟླ་2ཚེས་24ཉིན།རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་།རང་སྐྱོང་ལྗོངས་ཤེས་དཔལ་གཞུང་དོན་ཁང་།རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་བཅས་ཀྱིས་གཙོ་གཉེར་བྱས་པའི་དགའ་དགའ་སྤྲོ་སྤྲོའི་ངང་ནས་ལོ་གསར་དགའ་གཏོང་བྱེད།དུས་རབས་གསར་པར་བསྟོད་གླུ་འབུལ། ཀྲུང་གོའི་ལོ་གསར་མཉམ་དུ་ལོངས་སྤྱོད་བྱེད་ཅེས་པའི་གཙོ་དོན་རིག་གནས་དང་ཡུལ་སྐོར་བྱེད་སྒོ་དེ་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་སྤེལ་ཡོད་པ་རེད།

བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་གླུ་གར་ཚོཊ་པའི་འཁྲབ་སྟོན་པས《བཀྲ་ཤིས་སྨོན་འདུན་ཞུ》ཞེས་པའི་ཞབས་བྲོའི་ཁྲོད་སྤེལ་འགོ་ཚུགས་ཡོད་ཅིང་།དེ་རྗེས་སྐྱེས་པའི་རྐྱང་གཞས《དཔྱིད་ཀྱི་ཕོ་ཉ》དང་།འཁྲབ་ཚན་ཐུང་གྲས《སྲི་ཞུ་སྒྲུབ་པ》 ཞབས་བྲོ《དུས་རབས་གསར་པར་འབད་འབུངས་བྱེད》སོགས་རྣམ་པ་སྣ་ཚོཊ་ཀྱི་རིག་རྩལ་བརྩམས་ཆོས་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་ནས་ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ལྟད་མོ་བར་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་ཆེད།ད་དུང་རིག་གནས་དང་།ལོ་རྒྱུས།གནའ་ཤུལ་བཅས་དང་དེ་བཞིན་རང་བྱུང་མཛེས་ལྗོངས་སོགས་ཀྱི་ནང་དོན་ཚུད་པའི་དང་པོའི་བཅོ་ལྔའི་དུས་ཆེན་གྱི་ལྒང་བཞུའི་གབ་ལན་འཚོལ་བའི་བྱེད་སྒོ་སྤེལ་བས་གྲོང་མི་མང་ཚོགས་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

བྱེད་སྒོ་དེས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྲིད་ཇུས་གོ་སྐབས་སུ་བྱས་ཏེ་གྲོང་མི་དང་ཡུལ་སྐོར་བར་བོད་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ལམ་ཐིག་ཐོན་རྫས་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་ནས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-28 6 6 拉萨日报藏文 c176572.html 1 རང་གྲོང་གི་ལས་རིགས་ཁག་གིས་དང་པོའི་བཅོ་ལྔའི་དུས་ ཆེན་གྱི་གཙོ་དོན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། /enpproperty-->