分享按钮

ཀྲུང་གོའི་འཐུས་མིས་གསར་དར་ལག་རྩལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོང་བྱ་སྤྱོད་ལ་འགྲན་སློང་བྱས་པར་ཁ་གཏད་འོས་འཚམ་གཅོག་དགོས་པའི་འབོད་སྐུལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོང་དམིགས་བསལ་ཨུ་ཡོན་ལྷན་ཁང་གི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ནང་ཞུགས་སྐབས་གཏམ་བཤད་སྤེལ་ནས་གསར་དར་ལག་རྩལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོང་བྱ་སྤྱོད་ལ་འགྲན་སློང་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁ་གཏད་འོས་འཚམ་གཅོག་དགོས་པའི་འབོད་སྐུལ་གནང་བ་རེད།

ཀྲང་ཅུན་གྱིས་གསར་དར་ལག་རྩལ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོང་བྱ་སྤྱོད་ལ་ཐོན་པའི་རྙོག་འཛིང་ཆེ་བའི་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་ཡོད། དྲུང་ཡིག་ཁྲུའུ་དང་ཆེད་མངགས་ཚོགས་པས་དུས་བབ་ཀྱི་འཕེལ་རྒྱས་དང་འཚམ་པ་དང་། ཕན་གཉེར་གནོད་གཡོལ། ཕྱོགས་ཁག་གི་ད་ཡོད་ཐོན་ཁུངས་ལ་གཞི་ཚུགས་པ། གྲངས་གཞི་གཞན་སྒྱུར་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱེད་དགོས་པ་དང་། ངེས་པར་དུ་མགྲོན་བདག་རྒྱལ་ཁབ་ཀྱི་བདག་དབང་དང་གཙོ་ཁྲིད་དབང་ཆར་བརྩི་འཇོག་བྱས་ནས་འབྲེལ་ཡོད་ལག་རྩལ་བདེ་འཇགས་དང་བློས་འགེལ་ཆོག་པའི་འགན་ལེན་བྱེད་པ་དང་དུས་མཚུངས་འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གང་བྱུང་དུ་སྤྱོད་པ་དང་། ནོར་འཁྲུལ་གྱིས་སྤྱོད་པ། ངན་སེམས་ཀྱིས་སྤྱོད་པ་བཅས་གཏན་ནས་བྱེད་མི་རུང་ཞེས་གསུངས་པ་རེད།

ཀྲང་ཅུན་གྱིས་དྲུང་ཡིག་ཁྲུའུ་དང་ཆེད་མངགས་ཚོགས་པས་མགྲོན་བདག་རྒྱལ་ཁབ་དང་འབྲེལ་གཏུགས་བྱེད་པའི་ཐབས་ལམ་སྔར་བས་འཐུས་ཚང་དུ་བཏང་སྟེ།མགྲོན་བདག་རྒྱལ་ཁབ་ཀྱི་ལུགས་མཐུན་དོ་ཁུར་ལ་དུས་ཐོག་ཏུ་གོང་ཞུ་དང་ལྟ་རྟོག་གང་ལེགས་བྱ་རྒྱུའི་འགན་ལེན་བྱེད་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དྲུང་ཡིག་ཁྲུའུ་ཡིས་ཕྱོགས་དེའི་ཐད་ནས་འགོ་བཙུགས་ཏེ་མགྲོན་བདག་རྒྱལ་ཁབ་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་ད་ལྟའི་སྲིད་ཇུས་དང་ལམ་སྲོལ་ལ་འཐབ་ཇུས་ཀྱི་ཚོད་སྐོར་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ནུས་ལྡན་གྱི་བར་བརྒལ་དང་ཕྱིར་འཐེན་གྱི་འཐབ་ཇུས་ཀྱིས་དོ་བདག་རྒྱལ་ཁབ་ཀྱིས་ཞི་བདེའི་སྲུང་སྐྱོང་བྱ་སྤྱོད་ལ་ལུགས་མཐུན་གྱི་སྔོན་དཔག་བྱ་རྒྱུར་ཕན་པ་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཆེད་མངགས་ཚོགས་པས་དོ་བདག་རྒྱལ་ཁབ་དང་དམག་གཏོང་རྒྱལ་ཁབ་དབར་འབྲེལ་གཏུགས་གང་ལེགས་བྱེད་པའི་རྨང་གཞིའི་ཐོག དུས་ཚོད་གསལ་པོ་ཡོད་པ་དང་། ལག་ལེན་དུ་འཁྱོལ་ཐུབ་པའི་བར་བརྒལ་དང་ཕྱིར་འཐེན་གྱི་འཐབ་ཇུས་གང་མགྱོགས་བཟོ་བ་དང་འབྲེལ་བྱ་ཐབས་འོས་འཚམ་གྱི་ཐོག་ནས་དོ་བདག་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ནུས་པ་སྐྱེད་སྲིང་བྱ་རྒྱུ་དེ་བར་བརྒལ་གྱི་འཐབ་ཇུས་ནང་བཅུག་ནས་ཞི་བདེའི་སྲུང་སྐྱོང་བྱ་སྤྱོད་བདེ་བླག་ངང་ཚད་བརྒལ་ཡོང་བར་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

ཀྲང་ཅུན་གྱིས་ཉེ་དུས་ཞི་བདེའི་སྲུང་སྐྱོང་མི་སྣར་འཇབ་རྒོལ་གྱི་དོན་རྐྱེན་མུ་མཐུད་ཐོན་བཞིན་ཡོད་པས།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགོས་གཏུགས་ཆེ་བའི་འདུ་ཤེས་དེ་བས་ཆེ་བའི་ཐོག་ནས་ཞི་བདེའི་སྲུང་སྐྱོང་མི་སྣའི་བདེ་འཇགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས།

ཚོགས་མིའི་རྒྱལ་ཁབ་དང་དྲུང་ཡིག་ཁྲུའུ་ཡིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2518ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ལག་རྩལ་གསར་པ་སྤྱད་དེ་སྒྲིག་ཆས་དང་བདེ་སྲུང་ཆུ་ཚད་མཐོ་རུ་འོས་འཚམ་གཏོང་བ། ནུས་ཤུགས་ཡོད་རྒུས་ཞི་བདེའི་སྲུང་སྐྱོང་མི་སྣའི་བདེ་འཇགས་ཀྱི་ཉེན་ཁ་ཆུང་དུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

ཀྲང་ཅུན་གྱིས་ཞི་བདེའི་སྲུང་སྐྱོང་བྱ་སྤྱོད་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོང་གི་ཆ་གསེས་གྲོན་དངུལ་སྤྲོད་མཁན་རྒྱལ་ཁབ་ཆེན་པོ་གཉིས་པ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཁྲོད་ནས་ཞི་བདེའི་སྲུང་སྐྱོང་མི་སྣ་མང་ཤོས་མངགས་གཏོང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོང་བྱ་སྤྱོད་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་དེའི་ནང་ཞུགས་ཡོད། མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོང་བྱ་སྤྱོད་ལ་སྔར་བྱུང་མྱོང་མེད་པའི་དུས་བབ་གསར་པ་དང་འགྲན་སློང་གསར་པ་འཕྲད་ཡོད་པས་སྒྱུར་བཅོས་དང་ཕྱོགས་སྒྱུར་བྱས་ཚེ་གཞི་ནས་ནུས་པ་སྔར་བས་འདོན་སྤེལ་བྱེད་ཐུབ་ཅེས་གསུངས་པ་རེད།

(པ་ཚེ་དང་བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-23 6 6 拉萨日报藏文 c176321.html 1 ཀྲུང་གོའི་འཐུས་མིས་གསར་དར་ལག་རྩལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོང་བྱ་སྤྱོད་ལ་འགྲན་སློང་བྱས་པར་ཁ་གཏད་འོས་འཚམ་གཅོག་དགོས་པའི་འབོད་སྐུལ་བྱས་པ། /enpproperty-->