分享按钮

ཚན་པ་བཞིས་གནམ་ཐང་གི་འཛེར་སྒྲ་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུའི་ཐད་སྐུལ་འདེད་གཏོང་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གསར་འགོད་པས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།དམངས་སྤྱོད་མཁའ་འགྲུལ་ཅུས་དང་། སྐྱེ་ཁམས་ཁོར་ཡུག་པུའུ། རང་བྱུང་ཐོན་ཁུངས་པུའུ། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་ཀྱིས་ཉེ་ཆར《དམངས་སྤྱོད་སྐྱེལ་འདྲེན་གནམ་ཐང་གི་མཐའ་འཁོར་ས་ཁོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་ཀྱི་འཛེར་སྒྲ་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུའི་བྱ་སྤྱོད་ཇུས་གཞི(2024ལོ་ནས་2027ལོའི་བར)》མཉམ་འབྲེལ་ཐོག་པར་འགྲེམས་བྱས་པ་དང་།དེའི་དམིགས་ཡུལ་ནི་གནམ་ཐང་གི་འཛེར་སྒྲའི་སྔོན་འགོག་དང་ཚོད་འཛིན་ལ་གཅིག་གྱུར་འཆར་འགོད་བྱས་ནས་དམངས་སྤྱོད་མཁའ་འགྲུལ་གྱི་སྦགས་མེད་ཕྱོགས་སྒྱུར་ཐད་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།

བྱ་སྤྱོད་ཇུས་གཞིའི་ནང་གཏན་འབེབས་བྱས་དོན།2025ལོར་སླེབས་སྐབས་གནམ་ཐང་གི་འཛེར་སྒྲ་སྔོན་འགོག་དང་ཚོད་འཛིན་ཚད་གཞིའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་།གནམ་ཐང་གི་འཛེར་སྒྲ་སྔོན་འགོག་དང་ཚོད་འཛིན་གྱི་ཕྱོགས་མང་མཐུན་སྦྱོར་ལམ་སྲོལ་རགས་ཙམ་ཆགས་པ།ཚོད་ལྟའི་ལས་དོན་ལ་ཕན་འབྲས་དངོས་ཐོན་པ། ལྟ་ཞིབ་ཚད་ལེན་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་པ། ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་500ཡན་གྱི་གནམ་ཐང་ལ་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་ཀྱི་འཛེར་སྒྲའི་དོན་རྐྱེན་དུས་ཐོག་ལྟ་ཞིབ་ཚད་ལེན་དང་ཁུངས་དེད་ནུས་པ་སྤྱིར་ན་ལྡན་པ་བཅས་བྱ་རྒྱུ་རེད། 2027ལོར་སླེབས་སྐབས་གནམ་ཐང་གི་འཛེར་སྒྲ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་ལག་རྩལ་ཐད་ཚད་བརྒལ་ཡོང་བ་དང་། སྔོན་འགོག་ཚོད་འཛིན་གྱི་ཚད་གཞི་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ།མཐུན་སྦྱོར་བཅོས་སྒྲིག་གི་ཕན་ནུས་སྔར་བས་ཆེ་རུ་གཏོང་བ། ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1000ཡན་ཟིན་པའི་གནམ་ཐང་གི་མཐའ་འཁོར་ས་ཁོངས་ཀྱི་འཛེར་སྒྲའི་ཁོར་ཡུག་སྤུས་ཚད་རིམ་བཞིན་ལེགས་སུ་འགྲོ་ཐུབ་པ་བཅས་བྱ་རྒྱུ་རེད།

དམིགས་ཚད་དེ་དག་མངོན་འགྱུར་བྱ་ཆེད། བྱ་སྤྱོད་ཇུས་གཞིའི་ནང་གནམ་ཐང་གི་འཛེར་སྒྲ་སྔོན་འགོག་དང་ཚོད་འཛིན་གྱི་ཚད་གཞིའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། གནམ་ཐང་གི་འཛེར་སྒྲ་སྔོན་འགོག་དང་ཚོད་འཛིན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་གནམ་ཐང་གི་འཛེར་སྒྲ་སྔོན་འགོག་དང་ཚོད་འཛིན་གྱི་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་4ཐད་ནས་གཙོ་གནད་ལས་འགན་ཁག་13བཏོན་ཡོད།

དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བྱ་སྤྱོད་དངོས་ཀྱི་ཇུས་གཞི་ནི་གནམ་ཐང་གི་འཛེར་སྒྲ་སྔོན་འགོག་དང་ཚོད་འཛིན་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཡིག་ཆ་ཨང་དང་པོ་ཡིན་པས། དམངས་སྤྱོད་མཁའ་འགྲུལ་གྱི་སྦགས་མེད་ཕྱོགས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ལ། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་བཟང་པོ་བཏོད་དེ་གཙོ་གནད་ལས་འགན་ཁག་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-23 6 6 拉萨日报藏文 c176319.html 1 ཚན་པ་བཞིས་གནམ་ཐང་གི་འཛེར་སྒྲ་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུའི་ཐད་སྐུལ་འདེད་གཏོང་རྒྱུ་ཡིན་པ། /enpproperty-->