分享按钮

​འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཅ་ཧྲ་ས་ཁུལ་གྱི་བུད་མེད་དང་བྱིས་པའི་འཚོ་བཅུད་གནས་ཚུལ་མུ་མཐུད་ཇེ་སྡུག་ཏུ་འགྲོ་ བཞིན་ཡོད་ཅེས་བཤད་པ།

ཤིན་ཧྭ་གསར་འགྱུར་ཁང་རི་ནེ་ཝ་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རྩ་འཛུགས“གོ་ལ་ཧྲིལ་པོའི་འཚོ་བཅུད་མནའ་འབྲེལ”གྱི་སྙན་ཞུ་གསར་ཤོས་དྲངས་ནས་ཅ་ཧྲ་ས་ཁུལ་གྱི་ཕྲུ་གུ་དམར་འབྱར་དང་། སྦྲུམ་མ། ནུ་མ་སྣུན་པའི་བུད་མེད་བཅས་ཀྱི་འཚོ་བཅུད་མི་འདང་བའི་ཚད་ཆེས་ཆེར་མཐོ་རུ་ཕྱིན་ནས་གཟུགས་པོའི་བདེ་ཐང་ལ་ཉེན་ཁ་ཚབས་ཆེན་བཟོ་ཡི་ཡོད་ཅེས་བཤད་པ་རེད།

ཉིན་དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསར་འགྱུར་སྤྱི་བསྒྲགས་སྤེལ་ནས་རེས་སྐོར་འདིའི་པ་དབྱི་དབར་གདོང་ཐུག་བྱུང་ནས་གཟའ་འཁོར་20ཡི་ནང་སླེབས་པ་དང་ཅ་ཧྲ་ས་ཁུལ་གྱི་བཟའ་བཅའ་དང་འཐུང་ཆུ་ཧ་ཅང་དཀོན་པ་དང་ནད་ཡམས་ཀྱིས་རྐྱེན་པས་ས་གནས་དེ་གའི་བུད་མེད་དང་ཕྲུ་གུ་དམར་འབྱར་གྱི་འཚོ་བཅུད་གནས་ཚུལ་དང་རིམས་འགོག་ནུས་པར་གནོད་འཚེ་ཕོག་ཡོད་ཅེས་བཤད་པ་རེད།

《ཅ་ཧྲ་ཡི་འཚོ་བཅུད་ཉམས་ཞན་རང་བཞིན་དང་དུས་བབ་དབྱེ་ཞིབ》ཅེས་འགོ་བརྗོད་དུ་འཁོད་པའི་སྙན་ཞུའི་ནང་ཅ་ཧྲ་ས་ཁུལ་གྱི་བརྒྱ་ཆ་90ཡི་ལོ་གཉིས་མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པ་དང་དེ་བཞིན་སྦྲུམ་མ་དང་ནུ་མ་སྣུན་པའི་བུད་མེད་བརྒྱ་ཆ་95ལ་བཟའ་བཅའ་དཀོན་པའི་གནས་ཚུལ་ཚབས་ཆེན་འཕྲད་ཡོད་ཅེས་འཁོད་ཡོད་པ་རེད།

སྙན་ཞུའི་ནང་མི་ཆོས་རོགས་སྐྱོར་བྱེད་མཚམས་བཞག་ནས་གཟའ་འཁོར་ཁ་ཤས་སོང་བར་བརྟེན་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དུ་འཚོ་བཅུད་མི་འདང་བའི་སྣང་ཚུལ་མངོན་གསལ་དོད་པོ་ཡོད་པ་དང་། ལོ་གཉིས་མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པའི་འཚོ་བཅུད་མི་འདང་བའི་གནས་ཚུལ་ཚབས་ཆེན་ཐོན་ཡོད། རོགས་སྐྱོར་ཅུང་མང་པོ་ཐོབ་པའི་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་དུ་བརྒྱ་ཆ་5ཡི་ལོ་གཉིས་མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པའི་འཚོ་བཅུད་ཡག་པོ་མེད་པ་རེད། དེ་ཐོག་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལམ་བུའི་དགོས་ངེས་རང་བཞིན་ར་སྤྲོད་གང་ལེགས་ཐུབ་པར་མ་ཟད། མཇུག་འབྲས་ཚབས་ཆེན་ཐོན་རྒྱུར་ཡང་སྔོན་འགོག་ཐུབ་རྒྱུ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ད་ཐེངས་ཀྱི་གདོང་ཐུག་མདུན་དུ་ཅ་ཧྲ་ས་ཁུལ་དུ་ལོ་5མན་གྱི་བྱིས་པར་འཚོ་བཅུད་མི་འདང་བའི་གནས་ཚུལ་ཚབས་ཆེན་ཐོན་ཡོད། ཟས་རིགས་དང་ཆུ། འཕྲོད་བསྟེན་གྱི་ཞབས་ཞུ་མེད་པའི་རྐྱེན་གྱིས་ཅ་ཧྲ་ས་ཁུལ་དུ་འཚོ་བཅུད་མི་ལེགས་པའི་སྣང་ཚུལ་ཛ་དྲག་ཏུ་འགྲོ་སྲིད།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་དང་། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཅས་ཀྱིས་མཉམ་འབྲེལ་ཐོག་ཅ་ཧྲ་ས་ཁུལ་གྱི་རོགས་སྐྱོར་བགྲོད་ལམ་བདེ་འཇགས་དང་། རྒྱུན་མཐུད། བཀག་འགོག་མི་བྱེད་པ་བཅས་འགན་ལེན་བྱས་ནས་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་བདེ་པོ་ཡོང་བ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-23 6 6 拉萨日报藏文 c176313.html 1 ​འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཅ་ཧྲ་ས་ཁུལ་གྱི་བུད་མེད་དང་བྱིས་པའི་འཚོ་བཅུད་གནས་ཚུལ་མུ་མཐུད་ཇེ་སྡུག་ཏུ་འགྲོ་ བཞིན་ཡོད་ཅེས་བཤད་པ། /enpproperty-->