ཁྱི་སྐྱག་ཚེ་རིང་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ལས་རོགས་ཉེན་རྟོག་པ་ཞིག་ཡིན། ལོ་ངོ་5ཡི་ནང་ལས་གནས་ཐོག་ཁོང་གིས་མི་དམངས་ཉེན་རྟོག་པ་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ནས་སྤྱི་བདེའི་བྱ་གཞག་ཆེད་རང་ཉིད་ཀྱི་ལང་ཚོ་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། གྲུབ་འབྲས་གཟེངས་སུ་ཐོན་པའི་དབང་གིས་ཁྱི་སྐྱག་ཚེ་རིང་ལ་གཟེངས་བསྟོད་བྱ་དགའ་ཐེངས་མང་ཐོབ་ཡོད་པ་དང་། 2020ལོའི་ལོ་འཁོར་དང་། 2021ལོའི་ལོ་འཁོར། 2023ལོའི་ལོ་འཁོར་བཅས་ཀྱི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཕུལ་བྱུང་ལས་རོགས་ཉེན་རྟོག་པའི་མཚན་སྙན་སྔ་རྗེས་སུ་ཐོབ་པ་རེད། ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཁ་བསླུས་ངོ་རྒོལ་ལྟེ་གནས་སུ་ནང་ཁུལ་གྱི་ལས་ཀ་བྱས་པ་ནས་བཟུང་། ཁྱི་སྐྱག་ཚེ་རིང་གིས་རྨང་གཞིའི་སྒྲིག་སྲོལ་ལམ་ལུགས་ནས་འགོ་བཙུགས་ཏེ་ཟིན་བྲིས་འཆར་ཟིན་འགོད་པ་དང་། གཞུང་ཡིག་སྒྲུབ་གཉེར། གཞུང་ཡིག་ཞིབ་བཤེར། སྡོད་གནས། ཡིག་ཚགས་དོ་དམ་སོགས་ཀྱི་ལས་དོན་སྒྲིག་སྲོལ་ལམ་ལུགས་ཁག་བཙུགས་པ་དང་འཐུས་ཚང་དུ་བཏང་བས་ནང་ཁུལ་གྱི་ལས་ཀའི་རྨང་གཞིའི་ལས་དོན་ལ་སྒྲིག་ལམ་ཡོད་པ་དང་། གོ་རིམ་ལྡན་པ། ཞིབ་ཚགས་ལྡན་པ་བཅས་བྱུང་ཡོད། ཁོང་གི་སླ་བཅོས་སྤུ་ཙམ་ཡང་མེད་པའི་ལས་ཀའི་རྣམ་འགྱུར་ལ་ཉིང་ལག་རུ་ཁག་དང་སྡེ་ཚན་གྱི་གདེང་འཇོག་བཟང་པོ་ཐོབ་ཡོད། ལས་རོགས་ཚུའེ་ཡུན་ཧྲེན་གྱིས་ཁྱི་སྐྱག་ཚེ་རིང་གིས་དུས་རྒྱུན་ལས་ཀ་ནན་ཏན་བྱས་ནས་ལས་དོན་ཁག་ཡག་པོ་སྒྲུབ་ཀྱི་ཡོད་ཅིང་། ལྷག་པར་དུ་འབྲེལ་ཡོད་ཡིག་རིགས་འབྲི་བ་དང་། དྲིལ་བསྒྲགས་དང་སྔོན་འགོག ཉེན་ཟོན་སློབ་གསོ་སོགས་ཕྱོགས་གང་ས་ཅི་ཐད་ནས་གོང་རིམ་སྡེ་ཚན་དང་འགོ་ཁྲིད་ཀྱིས་བཀོད་སྒྲིག་བྱས་པའི་ལས་འགན་ཁག་ཡག་པོ་སྒྲུབ་ཀྱི་ཡོད་ཅེས་བཤད།
དུས་ཡུན་རིང་པོར་ནང་ཁུལ་གྱི་ལས་ལ་གཞོལ་བས་ཁོང་ལ་བརྟན་ལ་ཞིབ་ཚགས་པའི་ལས་ཀའི་སྤྱོད་ཚུལ་བཟང་པོ་ཞིག་ཆཊ་ཡོད་ཅིང་། ཁོང་གིས་གོང་ཞུ་གཤམ་སྤྲོད་དང་། གྲངས་གཞི་གོང་ཞུ། གསར་འགྱུར་འབྲི་བ། ཏང་འཛུཊ་སྐྱོང་ལ་སྐུལ་འདེད་བཅས་ཀྱི་ལས་དོན་ཞིབ་ཚགས་ངང་སྤེལ་ནས་ལས་ཀ་ཆེ་ཆུང་གང་ཞིག་ཡིན་རུང་སྒྲུབ་ཕྱིན་ཆད་སྤུས་ཚད་མཐོན་པོའི་སྒོ་ནས་ལེཊ་འགྲུབ་བྱེད་ཀྱི་ཡོད། ཁོང་ཉེས་དོན་མྱུལ་ཞིབ་ཀྱི་ལས་ཀར་དགའ་ཞེན་ཆེན་པོ་ཡོད་པས་དུས་རྒྱུན་ཁོམ་ལོང་བྱུང་དུས་མྱུལ་ཞིབ་ཀྱི་ལས་དོན་ཐད་དོ་སྣང་དང་སློབ་སྦྱོང་བྱེད་ཀྱི་ཡོད། ཉེས་དོན་མྱུལ་ཞིབ་ཀྱི་རྒྱུན་གཏན་ལས་དོན་ཐད་ལའང་རྒྱུས་མངའ་ངེས་ཅན་ཡོད་པར་མ་ཟད། མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་འོག་གྱོད་དོན་མྱུལ་ཞིབ་ཁྲོད་ཧུར་ཐག་ཞུགས་ཀྱི་ཡོད།
ཁྱི་སྐྱག་ཚེ་རིང་གིས་ཉེན་རྟོག་ལས་དོན་གྱི་གཞོགས་འདེགས་པ་ཞིག་ཡིན་པའི་ངོས་ནས་ངས་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་རང་འགུལ་ངང་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་ཁག་ནང་ཧུར་ཐག་ཞུགས་ཡོད། སྔར་ནས་བཟུང་ངས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ནས་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་གྱི་ཚད་གཞིའི་ཐོག་ནས་རང་ཉིད་ལ་སྐུལ་ལྕག་བྱེད་ཀྱི་ཡོད་ཅེས་བཤད།
མང་ཚོགས་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ངོས་འཛིན་དང་འགོག་ཟོན་གྱི་ནུས་པ་ཆེ་རུ་བཏང་ནས་དམངས་ཡོངས་ཀྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཁྱི་སྐྱག་ཚེ་རིང་གིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཐབས་ཀྱི་བློ་འདྲི་དང་། རོགས་ལམ། ཐེར་འདོན་གོང་ཞུ། དེ་བཞིན་གྱོད་གཞི་རྩིས་ལེན་སོགས་ཀྱི་ལས་དོན་ནན་ཏན་ངང་བསྒྲུབས་པ་དང་ཆབས་ཅིག་མང་ཚོགས་ཀྱིས་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་སྤེལ་རྒྱུར་དུས་ཐོག་ཏུ་ཁྲིད་སྟོན་དང་བཀག་སྡོམ་བྱེད་ཀྱི་ཡོད། ལྷག་པར་དུ་དུས་ཆེན་གོང་ཁྱི་སྐྱག་ཚེ་རིང་གིས་ནང་མི་དང་མཉམ་འཛོམས་ཀྱི་དུས་ཚོད་བློས་བཏང་ནས་ལྟེ་གནས་ཀྱི་དྲིལ་བསྒྲགས་ལས་དོན་ནང་ཧུར་ཐག་ཞུགས་ཏེ། ལྷ་སའི་ཁྲོམ་གཞུང་ཆེ་ཆུང་དང་། མེ་འཁོར་འབབ་ཚུགས། སྤྱི་སྤྱོད་རླངས་འཁོར་འབབ་ཚུགས། ཚོང་ར་ཆེ་གྲས་སོགས་སུ་བསྐྱོད་ནས་མང་ཚོགས་ལ་ཁ་བསླུས་འགོག་པའི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་ལ་ཁ་བསླུས་ངོ་རྒོལ་གྱི་མཉེན་ཆས་ཕབ་ལེན་བྱེད་རོགས་བྱེད་ཀྱི་ཡོད། 2023ལོར་ཁྱི་སྐྱག་ཚེ་རིང་གིས་ཁ་བསླུས་ངོ་རྒོལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་120ནང་ཞུགས་ནས་མི་ཐེངས་410ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་2700ལྷག་ཙམ་སྤྲད་པ། དྲིལ་བསྒྲགས་ལག་རྟགས་1000ལྷག་ཙམ་སྤྲད་པ། མི་300ལྷག་ཙམ་ལ་རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་མཉེན་ཆས་ཕབ་ལེན་བྱེད་རོགས་བཅས་བྱས་ཡོད།
མ་གཞི་སྤྱིར་བཏང་གི་ལས་རོགས་ཉེན་རྟོག་པ་ཞིག་ཡིན་མོད། འོན་ཀྱང་ཁྱི་སྐྱག་ཚེ་རིང་ལ་འགན་འཁྲིའི་བསམ་པ་ཡོད་པས་སྤྱིར་བཏང་གི་ལས་གནས་ཐོག་ཁུ་སིམ་མེར་རང་ནུས་གང་ཡོད་འདོན་བཞིན་ཡོད་ལ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་ཞིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་ལག་ལེན་བསྟར་བཞིན་ཡོད།
ཁྱི་སྐྱག་ཚེ་རིང་གིས་ད་ཐེངས་ཀྱི་ལས་རོགས་ཉེན་རྟོག་པ་ཡག་ཤོས་ཀྱི་མཚན་སྙན་ཐོབ་པ་འདི་ནི་སྐུལ་ལྕག་ཆེན་པོ་ཞིག་ཡིན་པས་སླད་ཕྱིན་གྱི་ལས་ཀའི་ནང་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་རང་འཁྲིའི་ལས་དོན་ཁག་ལེགས་པར་བསྒྲུབས་ནས་སྤྱི་བདེའི་ལས་དོན་ཐད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社