分享按钮

(པར་ངོས་དང་པོར་མཐུད)ཧུའུ་ནན་ནས་ཡིན་པའི་ལྕམ་ཁྲེན་ལགས་ཀྱིས་ཉོ་ཐེངས་གཅིག་ལ་སྤུན་དོག་ལས་བཟོས་པའི་འབྲུག་ཏུན་ཏུན་གྱི་རྩེད་ཆས་གསུམ་ཉོས་ཡོད།ཁོ་མོས་ཚེས་གཅིག་ཉིན་འབྲུག་ཉོ་ཐུབ་ཙང་ལོ་གསར་པ་འདིའི་ནང་འབྲུག་ལྟར་གྱི་སྙིང་སྟོབས་འཕེལ་ངེས་རེད་ཅེས་དགའ་སྤྲོའི་ངང་བཤད།

ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་ཤར་རླུང་ཁྲོད་འབྲུག་ཏུན་ཏུན་སླར་ཡང་རིག་གནས་གསར་གཏོད་ལས་རིགས་ཀྱི་མདུན་གྲལ་དུ་སླེབས་ཡོད། 2023ལོའི་ཟླ་12ཚེས་7ཉིན་འབྲུག་ཏུན་ཏུན་དངོས་སུ་འཚོང་འགོ་ཚུགས་པ་ནས་བཟུང་། དྲ་ཕྱིའི་ཚོང་ཁང་ཁག་གིས་རིམ་རྩིས་བྱས་ན་འབྲུག་ཏུན་ཏུན་རིགས་ཀྱི་ཐོན་རྫས་ཁྲི་60ལྷག་ཙམ་བཙོངས་ཡོད་པ་རེད།

ལེང་ཀྲོའུ་རྟེན་རྫས་བཤམས་མཛོད་ཁང་གི་ལུང་ཧྲོའུ་ཡུས་ཡན་ཅིང་དང་།ཀྲུང་གོ་སྦྲག་སྲིད་ཀྱིས་ཤིང་འབྲུག་ལོའི་ལོ་རྟགས་ཀྱི་སྦྲག་འཛིན་རི་མོ་གཙོ་དོན་དུ་བྱས་པའི་རིག་གནས་གསར་གཏོད་ཀྱི་འཁྱགས་སྒམ་ཐོག་སྦྱར་ཆས་དང་།ཧྭ་ཝུའེ་ཡི་འབྲུག་ལོའི་ཉར་ཚགས་ལུགས་ཀྱི་རྣ་ཉན་སོགས་ཀྱིས་གསར་གཏོད་མཁན་ལ་འཆར་སྣང་སྐྱེས་ནས་འཛད་སྤྱོད་པའི་གདམ་ག་ཕུན་སུམ་ཚོགས་སུ་བཏང་ཡོད།

ལྷོ་ནུབ་ནོར་དཔལ་སློབ་ཆེན་བཟོ་ཚོང་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཝང་ཧུའེ་ཡིས་བལྟས་ན།ཀྲུང་གོའི་ལོ་རྟགས་ཀྱི་དཔལ་འབྱོར་ཚ་ཚ་འུར་འུར་ངང་འཕེལ་རྒྱས་ཕྱིན་པ་དེ་ནི་ལོ་རྟགས་ཀྱི་རིག་གནས་གསར་གཏོད་དང་སྤུས་རྟགས་ཚོང་གཉེར་དང་དེང་རབས་ཀྱི་རང་རྒྱལ་གྱི་དར་སྲོལ་གྱི་འཛད་སྤྱོད་ཟུང་འབྲེལ་བྱས་པ་ཞིག་ཡིན་པ་དང་གསར་གཏོད་དང་སྣ་མང་ཅན་གྱི་རིག་གནས་གཞི་རྒྱུ་མཉམ་འདྲེས་བྱས་པ་བརྒྱུད་འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་འཕེལ་ཡོད།

མེས་རྒྱལ་བྱང་ཤར་དུ་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་མི་ཚོགས་ལས་གྲུབ་པའི་འབྲུག་ཆེན་དེ་བས་མངོན་གསལ་དོད་པོ་ཡོད།ཟླ་2ཚེས་17ཉིན་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དེ་ནང་སོག་ཧུའུ་ལུན་པེར་དུ་འགོ་ཚུགས་རྒྱུ་རེད།

ཧུའུ་ལུན་པེར་གྲོང་ཁྱེར་རིག་གནས་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཧུང་གིས་ང་ཚོས་གངས་འཁྱགས་ཐོན་ལས་དང་།རིག་གནས།ལུས་རྩལ།ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཡུལ་སྐོར་གྱིས་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པ་དང་རིམ་སྤོར་ཐུབ་རྒྱུར་བརྩོན་ལེན་བྱས་ནས་གངས་འཁྱགས་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་གི་ཡོད་ཅེས་བཤད།

རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་གཉེར་བ་དེ་གོ་སྐབས་སུ་བྱས་ནས་ནང་སོག་གི་གངས་འཁྱགས་ཡུལ་སྐོར་གྱིས་དཔྱིད་གསར་བསུ་བའི་བྱེད་སྒོ་ཁྱད་པར་ཅན་ཞིག་རེད།ནང་སོག་རིག་གནས་དང་ཡུལ་སྐོར་ཐིང་གིས་བསྡོམས་རྩིས་བྱས་པར་གཞིགས་ན།དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ཉིན་དང་པོར་ལྗོངས་ཡོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་390.97ལ་སྣེ་ལེན་ཞུས་པ་དེ་2023ལོའི་དུས་མཚུངས་ཀྱི་ལྡབ་5.66ཡིན་པ་དང་།ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་26.88ཟིན་པ་དེ་2023ལོའི་དུས་མཚུངས་ཀྱི་ལྡབ་7.61འཕར་ཡོད་པ་རེད།

ཡུལ་སྐོར་ཚོགས་པ་མཉམ་འཛོམས་ཀྱིས་སྤྲོ་གསེང་ལོ་གསར་དགའ་གཏོང་བྱེད།མཛེས་སྡུག་ལྡན་པའི་རི་ཀླུང་དེ་མི་རྣམས་ཀྱིས་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་པའི་བརྗིད་ཆེའི་རྒྱབ་ལྗོངས་ཤིག་ཏུ་གྱུར་ཡོད།

ཤིན་ཅང་གི་ཁ་ཧྲེའི་གནའ་གྲོང་དུ་ཚོན་ཁྲ་ཅན་གྱི་ལྒང་བཞུ་བཀལ་བ་དང་།སྒོ་སྟེང་དུ་བདེ་སྐྱིད་ཞེས་པའི་ཡི་གེ་སྦྱར་བས།མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་དཔྱིད་གསར་དུས་ཆེན་གྱི་རྒྱན་སྤྲོས་རྣམ་པ་ཞིག་མངོན་གྱི་ཡོད།ཀན་སུའུ་ནས་ཡིན་པའི་ཡུལ་སྐོར་བ་ཀྲང་ཀེས་ཁྲོམ་གཞུང་དུ་བསྐྱོད་དེ་ཉོ་གིན་དུ་སྐོར་བ་བརྒྱབ་ཚེ་གཞི་ནས་ཤིན་ཅང་ནི་ས་ཆ་ཡག་པོ་ཞིག་ཡིན་ཞེས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་དངོས་འབྲེལ་མྱོང་ཚོར་ཐུབ་ཀྱི་འདུག་ཅེས་བཤད།

བསྡོམས་རྩིས་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ཉིན་དང་པོ་ནས་བཞི་པའི་བར་ཁེ་ཧྲི་ས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་86.14ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་བརྒྱ་ཆ་205.90འཕར་བ་དང་།ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་7.09བྱུང་བ་དེ་དུས་མཚུངས་ལས་བརྒྱ་ཆ་216.52འཕར་ཡོད་པ་རེད།

འཇར་མན་གྱི《ཧྥ་ལན་ཁེ་ཕུའུ་དཔྱད་གཏམ་ཚགས་པར》ཐོག་དཔྱིད་གསར་དུས་ཆེན་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཆེན་གལ་ཆེ་ཤོས་ཤིག་ཡིན་པ་དང་།ཀྲུང་གོའི་མང་ཚོགས་དུང་ཕྱུར་མང་པོ་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཕ་ཡུལ་དུ་ཕྱིར་ལོག་དང་གཉེན་ཉེ་ཐུག་འཕྲད་བྱེད་ཀྱི་ཡོད། དཔྱིད་གསར་དུས་ཆེན་རིང་མི་རྣམས་ཀྱིས་ཕྱིར་བསྐྱོད་ནས་གསོལ་སྟོན་དང་།དངོས་ཟོག་ཉོ་སྒྲུབ།ཡུལ་སྐོར་བཅས་ཀྱི་འདུན་པ་ཆེ་རུ་ཕྱིན་ནས་ངལ་གསོའི་རིང་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་ཡོད་ཅེས་འཁོད་ཡོད།

ལོ་གསར་གྱི་རྣམ་པ་ཤིན་ཏུ་ཟབ་ཅིང་། ཁྲོམ་རར་ཚོང་ཟོག་བྲིན་ཁ་རྒྱུག གནའ་བོའི་དཔྱིད་གསར་དུས་ཆེན་གྱིས་ལོ་གསར་པ་ཤར་འགོ་ཚུགས་པའི་དཔལ་འབྱོར་ཐད་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་བཟང་པོ་བཏིང་ཡོད།

སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལྡན་པའི་ཀྲུང་གོའི་ལོ་གསར་རིང་ཐོན་ལས་མུ་མཐུད་འཕེལ་རྒྱས་བཏང་བ།

དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ལོ་2500ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཅང་སུའུ་སུའུ་ཀྲོའུ་ཕིང་ཅང་ལམ་དུ་བསྐྱོད་དེ་གནའ་གྲོང་གི་དཔྱིད་ཀ་དང་རྒྱལ་ཁབ་ཀྱི་གོམས་སྲོལ་ལོ་གསར་ཉམས་ལེན་བྱས་པ་རེད།

གློག་སྒྲོན་གྱིས་ཟམ་ཆུང་བརྒྱན་པ་དང་། དར་དམར་པོས་རྒྱུག་ཆུར་མཛེས་མདངས་སྤྲས། དམར་མདོག་གི་ཁྲོམ་འདོན་ཡུལ་གནའ་བོའི་ཁྲོམ་གཞུང་དང་བསྟུན་ནས་ལེགས་པར་གནས།སྨན་བཟང་བླུགས་པའི་བདེ་འཕེལ་ཁུག་མས་མི་རྣམས་ཀྱི་དགོས་མཁོ་རབ་ཏུ་བསྐངས་བ་དང་།ཕིང་ཅང་གི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་དཔྱིད་གསར་གྱི་རྣམ་པ་ལྡན་པའི་ཚོང་འདུས་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གྲོང་མི་དང་ཡུལ་སྐོར་བས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ལོ་གསར་གྱི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་པ་བྱས་ཡོད།

གྲངས་གཞི་ལས་མངོན་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་གོང་གི་ཉིན་གསུམ་ནང་ཕིང་ཅང་གི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་40ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

སྲོལ་རྒྱུན་རིག་གནས་ཀྱི་སྐྱེ་སྟོབས་ནི་ལག་ལེན་ཁྲོད་དུ་གནས་ཡོད།སུའུ་ཀྲོའུ་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་ཝང་ཅུན་གྱིས་འབྲི་ཆུའི་ལྷོ་རྒྱུད་ཀྱི་རིག་གནས་ཁྱད་ཆོས་མངོན་པའི་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་དང་།རིག་གནས་ཀྱི་རྣམ་པ་གསར་པ།རིག་གནས་གསར་གཏོད་ཐོན་རྫས་བཅས་དུས་ཆེན་གྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་པར་མ་ཟད།ཀྲུང་གོ་བའི་བསམ་པའི་ནང་གི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་དང་དེང་རབས་ཀྱི་ཤེས་དཔལ་མཉམ་འདྲེས་ཐུབ་ནས་དཔྱིད་གསར་དུས་ཆེན་གྱི་རིག་གནས་དང་དེང་རབས་ཀྱི་དཔལ་འབྱོར་ཞི་མཐུན་མཉམ་གནས་ཐུབ་པའི་ངོས་འཛིན་བྱས་པ་རེད།

རིག་གནས་ལ་བརྟེན་ནས་དཔལ་འབྱོར་བརྟན་པོ་ཡོང་བར་བྱས་ཚེ་སྲོལ་རྒྱུན་གྱི་ལོ་གསར་གཏོང་སྲོལ་ལ་དེ་བས་བརྟེན་ས་ཡོད་ལ་ལོ་གསར་གཏོང་སྲོལ་ཡང་ཟམ་མི་ཆད་པར་འཐུས་ཚང་དུ་འགྲོ་སྲིད།

ཧྲའན་ཞི་ཡན་ཨན་དུ་དཔྱིད་གསར་དུས་ཆེན་རིང་། ཡན་ཨན་གྱི་གསར་བརྗེའི་ཁྲོམ་གཞུང་དང་ནན་ཉི་དབན་གྱི་གསར་བརྗེའི་གྲོང་རྡལ་སོགས་གསར་བརྗེའི་རིག་གནས་གཙོ་དོན་ཁྲོམ་གཞུང་དུ་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མཐོ་ཤོས་སུ་སླེབས་ཡོད་ཅིང་།《ཡན་ཨན་བྱིས་གསོ་ཁང》དང《སླར་ཡང་ཡན་ཨན་དུ་ལོག་པ》སོགས་གསར་བརྗེའི་འཁྲབ་སྟོན་གྱི་སྤ་སེ་གཅིག་ཀྱང་རག་ཁག་པོར་གྱུར་ཡོད། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོས་གསར་བརྗེའི་རིག་གནས་དང་དཔྱིད་གསར་དུས་ཆེན་གྱི་རིག་གནས་ཟུང་འབྲེལ་དམ་ཟབ་ཐུབ་ནས་མང་ཚོགས་ལ་དུས་ཆེན་གྱི་རིག་གནས་སྟོན་མོ་གཟབ་རྒྱས་ཤིིག་བཤམས་ཡོད་པ་རེད།

ཧྲའན་ཞི་ཧན་ཀྲུང་ནས་ཡོང་བའི་ཡུལ་སྐོར་བ་ཝང་ཅན་ཧྭ་ཡིས་ངལ་གསོའི་སྐབས་དང་བསྟུན་ནས་ངས་ཆེད་མངགས་ནང་མི་ཚང་མ་ཡན་ཨན་དུ་ཡུལ་སྐོར་དུ་ཁྲིད་པ་ཡིན། འདི་གར་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ལ་མྱོང་ཚོར་ཐུབ་པ་མ་ཟད། ཕྲུ་གུ་ཚོའི་རྒྱལ་གཅེས་ཀྱི་བརྩེ་སེམས་ཀྱང་སྐྱེད་སྲིང་ཐུབ་ཡོད་ཅེས་བཤད།

རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ་དང་། རིག་གནས་ལ་བརྟེན་ནས་ལས་རིགས་དར་རྒྱས་གཏོང་བ། ཡན་ཨན་ནས་ཞི་པའེ་ཕའོ་བར་དང་། ཀྲུང་གུང་འཐུས་མི་ཚོགས་ཆེན་དང་པོའི་དྲན་གསོ་ཁང་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་བར་ཀྲུང་ཧྭ་ས་གཞི་ཆེ་མོར་གསར་བརྗེའི་ས་ཆའི་མཚོན་རྟགས་རེ་རེར་འོད་ཟེར་ལྷམ་མེར་འཕྲོ་བཞིན་ཁྱིམ་ཚང་ཁྲི་སྟོང་མང་པོ་མཉམ་འཛོམས་བྱེད་སྐབས་དེ་བས་བཀྲག་མདངས་འཚེར་བ་དང་མི་རྣམས་ཀྱི་ཡིད་དབང་འཕྲོག་བཞིན་ཡོད།

དཔལ་འབྱོར་ལ་བརྟེན་ནས་རིག་གནས་ལ་གསོན་ཤུགས་འཕེལ་བར་བྱེད།དཔྱིད་གསར་དུས་ཆེན་གྱི་དཔལ་འབྱོར་གྱིས་ཀྱང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱིས་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།

ལེའོ་ཉིང་ལེའོ་དབྱང་དུ་མངོན་མིན་ཤུལ་བཞག་རིག་གནས་དམངས་སྲོལ་གླིང་གི་ཚོགས་མཆོད་ཆེན་མོའི་ཐོག་ལྕགས་ཞུན་གཏོར་བའི་བྱེད་སྒོར་དགའ་བསུ་ཆེན་པོ་ཐོབ་པ་དང་། སི་ཁྲོན་ཁྲེང་ཏུའུ་ཝུའུ་ཧོའུ་སེའི་ཁྲེང་ཏུའུ་ཡི་ཚོགས་མཆོད་ཐོག་སྲོལ་རྒྱུན་གྱི་ལྒང་བཞུར་བརྟེན་ནས་དེང་རབས་ཀྱི་གཏམ་རྒྱུད་བརྗོད་པ། ཅང་ཤིས་ནན་ཁྲང་དུ་ཧྲེང་ཅིན་མཆོད་རྟེན་ཚོགས་མཆོད་སྐབས་ཉི་ཤུ་པས་གནའ་བོའི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ལ་གསོན་ཤུགས་འཕེལ་བར་བྱེད་པ་སོགས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ལག་རྩལ་རྙིང་པ་དང་ལས་རིགས་རྙིང་པ་རྒྱུན་འཛིན་བྱས་པས་དཔྱིད་གསར་དུས་ཆེན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས་ཡོད།

2024ལོའི་ཐེན་ཅིན་གྲོང་ཁྱེར་གྱི་ནུབ་ངོགས་མངོན་མིན་ཤུལ་བཞག་རིག་གནས་སྐབས་གཉིས་པ་སྟེ་ཚོང་རྟགས་རྙིང་པའི་ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་དུས་ཆེན་སྐབས་ཀྲུང་ཧྭའི་ཚོང་རྟགས་རྙིང་པ་དང་། ཅིན་མོན་ཚོང་རྟགས་རྙིང་པ། མངོན་མིན་ཤུལ་བཞག་རིག་གནས་བཅས་རྣམ་གྲངས་བརྒྱ་ལྷག་ཙམ་ལ་ལྟ་བས་མི་ངོམས་ཤིང་། གྲོང་མི་དང་ཡུལ་སྐོར་བས་ཁྲོམ་སྐོར་བ་དང་། ལོ་གསར་གྱི་མཁོ་ཆས་ཉོ་བ། མངོན་མིན་ཤུལ་བཞག་རིག་གནས་ལ་བལྟ་བ་བཅས་བྱས་ནས་འཁྲུག་ཆ་དོད་པའི་ཁྲོམ་རས་ལོ་གསར་གྱི་རྣམ་པ་ཟབ་མོ་མངོན་ཡོད་པ་རེད།

ཐེན་ཅིན་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས་ཡིན་པའི་རུས་རྒྱུད་ཝང་གི་སྲོལ་རྒྱུན་རྒྱན་གོས་བཟོ་རྩལ་གྱི་རྒྱུན་འཛིན་པ་མི་རབས་བཞི་པ་ཡུས་ཚུང་ཞ་ཡིས་ང་ཚོས་འདི་གར་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་དང་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཐོན་རྫས་འགྲེམས་སྟོན་བྱེད་ཀྱི་ཡོད། བགྲེས་སོང་ཚོས་མངོན་མིན་ཤུལ་བཞག་རིག་གནས་ཀྱི་གསར་གཏོད་མཐོང་ཡོད་ལ་ཕྲུ་གུ་ཚོས་ཀྲུང་ཧྭའི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་ཀྱི་ནང་དོན་ལ་ཉམས་ལེན་ཐུབ་ཡོད། མངོན་མིན་ཤུལ་བཞག་རིག་གནས་ཀྱི་ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་དུས་ཆེན་བརྒྱུད་ང་ཚོར་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོབ་པར་མ་ཟད། མངོན་མིན་ཤུལ་བཞག་རིག་གནས་ཀྱི་རིག་གནས་བརྒྱུད་སྤེལ་ཐུབ་ཡོད་ཅེས་བཤད།

གདེང་ཚོད་ཀྱིས་ཁེངས་པའི་ཀྲུང་གོའི་ལོ་གསར་གྱིས་དཔྱིད་གསར་གྱི་རེ་བ་སྐྱེད་སྲིང་བྱེད།

སྤོ་ལོའི་ཐང་ཆེན་དུ་རུ་ཁག་གི་དར་ཆ་ལྷབ་ལྷུབ་ཏུ་གཡོ་ཞིང་འཁར་རྔ་རྡུང་བའི་སྒྲ་གྲགས་པ་དང་། ཐང་ཆེན་གྱི་ཕྱི་རོལ་དུ་ལྒང་བཞུ་མཐོན་པོར་བཀལ་བ། ཡུལ་སྐོར་བ་ཕར་འགྲོ་ཚུར་འོང་བྱེད་པ་བཅས་འཁྲུག་ཆ་དོད་པའི་ལོ་གསར་གྱི་རྣམ་པས་ཁེངས་ཡོད། ལོ་གསར་ཚེས་བཞི་ལ་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤར་ལྷོའི་མིའོ་རིགས་དང་ཏུང་རིགས་རང་སྐྱོང་ཁུལ་རུང་ཅང་རྫོང་དུ་འབྲུག་ལོའི་གྲོང་ཚོའི་སྤོ་ལོའི་འགྲན་བསྡུར་བྱེད་སྒོ་སྤེལ་འགོ་ཚུགས་ཡོད།

ཡུལ་དངོས་ཀྱི་འགྲེལ་བཤད་པ་དང་རུང་ཅང་བ་དབྱང་པིན་གྱིས་2023ལོའི་དབྱར་དུས་སུ་གྲོང་ཚོའི་སྤོ་ལོའི་འགྲན་བསྡུར་སྤེལ་ཚུན། རུང་ཅང་བས་དཔྱིད་གསར་དུས་ཆེན་རིང་སྤེལ་བའི་རིག་གནས་དང་ལུས་རྩལ་གྱི་དགའ་ནེའུ་དུས་ཆེན་ཐོག་མ་དེ་ཡིན་པས་ལྟད་མོ་བ་ཁྲི་ཡི་ཡིད་དབང་འཕྲོག་ཡོད། རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོའི་གྲོང་ཚོའི་སྤོ་ལོའི་འགྲན་བསྡུར་གྱིས་དུས་ཆེན་གྱི་རྣམ་པ་གསར་པ་མངོན་པར་མ་ཟད། ད་དུང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཆེན་པོ་ཐེབས་ཏེ་མི་རྣམས་ལ་དེ་བས་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས་འབད་འཐབ་ཧུར་ཐག་བྱ་རྒྱུའི་སྐུལ་ལྕག་ཡང་ཐེབས་ཡོད་ཅེས་བཤད།

འདས་ཟིན་པའི་ལོ་གཅིག་ནང་། གྲོང་ཚོའི་སྤོ་ལོའི་འགྲན་བསྡུར་གྱི་རིམ་སྤེལ་འགྲན་བསྡུར་དེ་དྲ་ཐོག་ཏུ་ལྟ་མཁན་མི་ཐེངས་དུང་ཕྱུར་580ལྷག་ཙམ་ལས་བརྒལ་བ་དང་། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་733གྱི་ཡིད་དབང་འཕྲོག་ནས་རུང་ཅང་གསོལ་མགྲོན་ཁང་དང་། བཟའ་བཏུང་། ཁྱད་ལྡན་ཐོན་རྫས་བཅས་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།

འགོ་ཚུཊ་པར་གྲུབ་འབྲས་ལེཊ་པོ་ཐོབ་ཡོད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་སྡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། སྒྱུར་བཅོས་དང་གསར་གཏོད་ཁྲོད་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ནས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་གསར་པ་དེ་བས་ལེགས་པའི་སྒོ་ནས་སྐོང་བཞིན་ཡོད།

ཟླ་2ཚེས་16ཉིན་2024ལོའི་དཔྱིད་གསར་དུས་ཆེན་གྱི་གློག་བརྙན་སྤ་སེ་སླར་ཡང་དུང་ཕྱུར་70ལས་བརྒལ་བའི་གཏམ་བཟང་གྲགས།

གློག་བརྙན་བལྟས་ནས་ལོ་གསར་གཏོང་བ་ནི་མི་མང་པོ་ཞིག་གི་གོམས་གཤིས་སུ་གྱུར་བའི་རིག་གནས་ཀྱི་བྱེད་སྒོ་ཞིག་ཡིན། ཧང་ཀྲོའུ་ནས་ཡིན་པའི་ལོ་65ལ་སླེབས་པའི་གློག་བརྙན་བལྟ་རྒྱུར་དགའ་བའི་ཝང་ཨའེ་ཧུང་དང་ནང་མི་དཔྱིད་གསར་དུས་ཆེན་རིང་ཧྲང་ཧའེ་ཡི་ཧྲེང་ཆེན་དུ་ཕྱིན་ནས་ཆེད་མངགས་ནང་མི་ཚང་མ་གློག་བརྙན་ཁང་དུ་ཉིན་གཅིག་སྤྲོ་གསེང་བྱ་རྒྱུ་བཀོད་སྒྲིག་བྱས་ཡོད། ཁོང་གིས་ནང་མི་ཚང་མས་མཉམ་དུ《དོན་ཚན་ཉི་ཤུ་པ》དང《བྱ་འཕུར་བ་ལྟར་གྱི་མི་ཚེ་2པ》ཞེས་པ་གཉིས་ལ་བལྟས་པ་ཡིན། ད་དུང《ཚ་ཞིང་འཁོལ་བ》ཞེས་པ་ལམ་སེང་བལྟ་རྒྱུ་ཡིན་པས་དགའ་ཚོར་ཧ་ཅང་ཆེན་པོ་འདུག་ཅེས་བཤད།

གྲངས་གཞི་ལས་མངོན་པར། ཟླ་2ཚེས་10ཉིན་ནས་ཚེས་11ཉིན་བར། ཆུ་ཚོད་48ནང་ཧྲང་ཧའེ་རུ་མི་ཐེངས་ཁྲི་130ལྷག་ཙམ་གྱིས་ཧྲང་ཧའེ་རུ་སྤ་སེ་ཉོས་ཏེ་གློག་བརྙན་བལྟས་ཡོད་ཅིང་། ཧྲང་ཧའེ་འདི་ཉིད་དཔྱིད་གསར་དུས་ཆེན་གྱི་འགོ་ཚུགས་དུས་མཚམས་སུ་རྒྱལ་ཡོངས་སུ་གློག་བརྙན་ལྟ་མཁན་མང་ཤོས་ཀྱི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད་པ་དང་། གློག་བརྙན་ཁང་ཁག་ཏུ་གློག་བརྙན་ཐེངས་གྲངས་མང་ཤོས་བསྟན་ནས་ལྟད་མོ་བའི་སྣ་མང་གི་དགོས་མཁོ་བསྐངས་ཡོད།

UMEགློག་བརྙན་གྲོང་གི་ཧྲང་ཧའེ་གནམ་ས་གསར་པ་ཁང་གི་འགན་འཁུར་བ་ལུའུ་དབྱིང་གིས་འདི་ལོའི་དཔྱིད་གསར་དུས་ཆེན་རིང་ལྟད་མོ་ཆེ་བའི་གློག་བརྙན་མང་བས་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། ལྷག་པར་དུ་རང་རྒྱལ་ནས་ཐོན་པའི་དགོད་བྲོའི་གློག་བརྙན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་ལྟད་མོ་བ་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད། སྔོན་དཔག་བྱས་པར་གཞིགས་ན། གློག་བརྙན་སྤ་སེ་འཚོང་ཚད་སྔར་བས་མང་དུ་འགྲོ་རྒྱུ་རེད།

ཀྲུང་གོའི་འཁྲབ་སྟོན་ལས་རིཊ་མཐུན་ཚོགས་ཀྱི་སྤ་སེའི་ལས་དོན་ཆ་འཕྲིན་འཚོལ་བསྡུའི་ལས་སྟེཊ་ཀྱི་གྲངས་གཞི་ལས་མངོན་པར། ཟླ་2ཚེས་1ཉིན་ནས་ཚེས་29ཉིན་བར། སྤ་སེའི་ལས་དོན་ཆེ་གྲས་ཁག་གི་ལས་སྟེགས་སུ་སྤ་སེ་བྲིན་འཚོང་བྱེད་བཞིན་པའི་གྲངས་ཚད་2200ལྷག་ཙམ་ཟིན་པ་དང་འཁྲབ་སྟོན་ཐེངས་གྲངས་8500ལྷག་ཙམ་བྱས་ཡོད།

རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་རིག་གནས་ལ་བརྟེན་ནས་དམངས་ལ་ཕན་པ་འདོགས། རིག་གནས་འཛད་སྤྱོད་ཀྱིས་དཔྱིད་གསར་དུས་ཆེན་རིང་དཔལ་འབྱོར་གྱི་ཕན་འབྲས་གཏོད་པ་དང་དུས་མཚུངས་སུ་གལ་ཆེ་ཤོས་ནི་མི་རྣམས་ཀྱི་བསམ་པའི་དགོས་མཁོ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

ཝུའུ་ཧན་ནས་ཡོང་བའི་ཡུལ་སྐོར་བ་ཀྲུའུ་ལིན་ཤོན་གྱིས་ལམ་ཐག་རིང་པོ་ནས་ཆོན་ཀྲོའུ་རུ་ཡོང་ནས་སྐྲ་རྒྱན་མེ་ཏོག་ལ་ཉམས་ལེན་བྱེད་པ་ཕུད། གྲོང་ཁྱེར་འདིའི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་ལ་སྔར་བས་ཤེས་རྟོགས་བྱེད་འདོད་ཡོད་ལ། ལོ་གསར་གྱི་རྗེས་སུ་ལས་འགོ་ཡག་པོ་འཛུགས་རྒྱུར་སེམས་བག་ཡང་བའི་ཆེད་དུའང་ཡིན་ཞེས་བཤད།

རིག་གནས་དར་རྒྱས་བྱུང་ན་དཔལ་འབྱོར་དར་རྒྱས་ཡོང་ཐུབ། དེ་ནི་ཆོན་ཀྲོའུ་ཡི་དངོས་མཚོན་པར་གཞི་ཞིག་ཡིན་པ་སྟེ། དེ་གར་འཛམ་གླིང་གི་ཤུལ་བཞག་ས་ཚིགས་22ཡོད་པ་དང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་44ཡི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གྲོང་ཁྱེར་ཞིག་ཡིན་ལ་GDPསྒོར་དུང་ཕྱུར་ཁྲི་ལས་བརྒལ་བ་དང་ཐོན་ལས་ཀྱི་ཚོགས་སྤྱི་དུང་ཕྱུར་བརྒྱ་སྟོང་ཙམ་ཡོད་པའི་དར་རྒྱས་ཕུན་སུམ་ཚོགས་པའི་གྲོང་ཁྱེར་ཞིག་ཀྱང་རེད།

2023ལོར། ཆོན་ཀྲོའུ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་8652.97ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ་53.9འཕར་བ་དང་། རིམ་རྩིས་བྱས་ན་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་སྟོང་ལས་བརྒལ་ནས་སྒོར་དུང་ཕྱུར་1002.40ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ་68.9འཕར་ཡོད་པ་རེད། མི་རྣམས་ཀྱིས་དེ་གར་ལོ་ངོ་སྟོང་གི་གནའ་གྲོང་གི་རིག་གནས་ལ་ལོངས་སྤྱོད་བྱེད་པ་དང་གྲོང་ཁྱེར་ཡང་ཕྱོགས་གཉིས་སུ་བསྐྱོད་པའི་ཁྲོད་གསར་བརྗེས་འཕེལ་རྒྱས་འགྲོ་བཞིན་ཡོད།

ཆོན་ཀྲོའུ་གྲོང་ཁྱེར་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལུའི་ཤིའུ་ཅ་ཡིས་ས་གནས་འདི་གའི་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་དང་སྲོལ་རྒྱུན་དམངས་སྲོལ་སྔོག་འདོན་གཏིང་ཟབ་བྱས་ནས་ཆོན་ཀྲོའུ་ཡིས་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ལོ་གསར་གྱི་མཁོ་ཆས་ཚོང་འདུས་དང་ཟླ་དང་པོའི་བཅོ་ལྔའི་དུས་ཆེན་སོགས་དམངས་སྲོལ་བྱེད་སྒོ་སྤེལ་ཏེ།སུང་ཡོན་ཆོན་ཀྲོའུ་ཡི་འཁྲུག་ཆ་དོད་པའི་རྣམ་པ་སླར་ཡང་མངོན་རྒྱུའི་བརྩོན་ལེན་བྱ་རྒྱུ་མ་ཟད། ད་དུང་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་རིན་གོང་གཅོག་པ་སོགས་དམངས་ཕན་བྱེད་ཐབས་བཏོན་ནས་མི་རྣམས་ལ་ཐོབ་སྣང་དང་། སྐྱིད་སྣང་ཡོང་བར་བྱས་ཏེ་མི་རྣམས་ཀྱིས་འཛམ་གླིང་ཤུལ་བཞག་གྲོང་ཁྱེར་ལ་ཕྱོགས་པའི་རེ་བ་སྔར་བས་ལེགས་པར་སྐོང་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

དཔྱིད་གསར་དུས་ཆེན་རིང་གི་ཀྲུང་གོའི་དཔལ་འབྱོར་གྱི་སྐར་ཁུང་བརྒྱུད་མི་རྣམས་ཀྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་དཔལ་འབྱོར་ཕན་ཚུན་གཅིག་ལ་གཅིག་ཕན་གྱི་ལོ་གསར་གྱི་རྣམ་པ་མངོན་པ་དང་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བའི་ཀྲུང་གོའི་ལག་ལེན་དངོས་ལ་མྱོང་རོལ་ཐུབ་པར་བྱས་ཡོད།

དཔྱིད་གསར་དུས་ཆེན་རིང་ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རིན་ཐང་མྱོང་རོལ་བྱས་ནས་གདེང་ཚོད་ཀྱིས་ཁེངས་པའི་ལོ་གསར་པ་ཞིག་འགོ་ཚུགས་ཡོད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་16ཉིན་འབྱོར་བའི་གློག་འཕྲིན)

(བུ་ཆུང་དང་བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-18 6 6 拉萨日报藏文 c175952.html 1 /enpproperty-->