分享按钮

གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་ལས་གནས་བརྟན་སྲུང་གིས་བདེ་འཇགས་ལ་སྲུང་སྐྱོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ནི་མི་མང་པོ་ཞིག་གི་ངོས་ནས་བརྗོད་ན་དགའ་སྤྲོའི་ངང་མཉམ་འཛོམས་བྱེད་པའི་དུས་ཆེན་ཞིག་ཡིན་མོད།མེ་ཟོན་རོགས་སྐྱོབ་མི་སྣ་ཚོའི་ངོས་ནས་བརྗོད་ན་འགན་འཁྲི་དེ་བས་ཆེ་བའི་དུས་ཤིག་ཡིན།ཁོང་ཚོས་ལས་གནས་བརྟན་པོར་བསྲུངས་ནས་དམངས་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་བྱས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་སྲུང་གི་ཡོད།

གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏུ་མེ་ཟོན་རོགས་སྐྱོབ་མི་སྣས་སྔོན་མ་དང་འདྲ་བར་ནང་མི་མཉམ་འཛོམས་བྱེད་པའི་སྐབས་འདིར་རང་རང་སོ་སོའི་ལས་གནས་བརྟན་པོར་བསྲུངས་ནས་ཐོལ་བྱུང་གི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ཤར་སྐོར་ལམ་གྱི་མེ་ཟོན་རོགས་སྐྱོབ་ས་ཚིགས་ཀྱི་རིམ་གསུམ་མེ་ཟོན་རུ་མི་སྤེན་པ་དངོས་གྲུབ་ཀྱིས་2020ལོར་རང་ཉིད་མེ་ཟོན་རོགས་སྐྱོབ་རུ་ཁག་ནང་ཞུགས་པ་ཡིན།འདི་ལོ་ནི་ལས་གནས་བརྟན་སྲུང་བྱེད་པའི་ལོ་བཞི་པ་དེ་ཡིན།ཁྱིམ་དུ་ལོ་གསར་གཏོང་མ་ཐུབ་ཀྱང་། ལས་རོགས་ཚོ་དང་མཉམ་དུ་ཁྱིམ་ཚང་ཀུན་གྱི་བདེ་འཇགས་བསྲུངས་ནས་དུས་བདེ་དང་བཀྲ་ཤིས་པའི་དཔྱིད་གསར་དུས་ཆེན་ཞིག་དང་བོད་ཀྱི་ལོ་གསར་ཞིག་གཏོད་ཐུབ་རྒྱུར་འགན་ལེན་བྱེད་བཞིན་ཡོད་པས།དེར་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་བཤད།

དེ་དང་དུས་མཚུངས།ལས་སྒྲུབ་མེ་ཟོན་རུ་མིས་ཆད་ལུས་སྤུ་ཙམ་མེད་པའི་ལས་ཀའི་རྣམ་འགྱུར་ཐོག་ནས་ལས་སྒྲུབ་རླངས་འཁོར་དང་ཡོ་བྱད་དང་སྒྲིག་ཆས་སོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ།འཁོར་རིགས་དང་ཡོ་བྱད་དང་སྒྲིག་ཆས་ག་དུས་ཡིན་ནའང་བེད་སྤྱོད་ཡག་པོ་ཐུབ་རྒྱུའི་འགན་ལེན་བྱེད་བཞིན་ཡོད།གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་བཀོད་འདོམས་ལྟེ་གནས་ཀྱི་ལས་རོགས་མི་སྣ་བསོད་ནམས་མགོན་པོས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཚད་མཐོའི་དོགས་ཟོན་གྱི་རིམ་པར་སླེབས་ཡོད་པས།ལས་རེས་མི་སྣ་ཡོངས་ཆུ་ཚོད་24ཡི་ནང་ལས་གནས་སུ་ཞུགས་དགོས་པ་དང་།དུས་དང་རྣམ་པ་ཀུན་ཏུ་ཐོན་ཆོག་ཆོག་གི་འཕྲལ་སྡོམ་རྣམ་པ་རྒྱུན་འཁྱོངས་བྱེད་དགོས།གལ་སྲིད་ཐོལ་བྱུང་གི་གནས་ཚུལ་འཕྲད་ན།མགྱོགས་མྱུར་དང་།འཕྱུགས་མེད།ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་རོགས་སྐྱོབ་ལས་འགན་སྣ་ཚོགས་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བཤད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-18 6 6 拉萨日报藏文 c175951.html 1 གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་ལས་གནས་བརྟན་སྲུང་གིས་བདེ་འཇགས་ལ་སྲུང་སྐྱོང་བྱས་པ། /enpproperty-->