ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་།ཆུ་ཤུར་རྫོང་ཚ་རགས་ཤང་ཚ་རགས་གྲོང་ཚོས་སྐབས་དང་པོའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་བཅོས་སྐྱོང་གི་སྐར་གསོག་ལམ་ལུགས་ཀྱི་ལོ་འཁོར་ཕྱོགས་བསྡུས་ཞིབ་དཔྱད་གཏན་འཁེལ་དང་གཟེངས་བསྟོད་ཚོགས་འདུ་འཚོགས་ནས་སྐར་གསོག་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཏེ་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་།སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་།ཡུལ་སྲོལ་ཡ་རབས་སོགས་ཀྱི་ལས་དོན་ཁྲོད་ལེགས་སྐྱེས་ཧུར་ཐག་འབུལ་མཁན་གྱི་གྲོང་མིའི་འཐུས་མིར་བྱ་དགའ་སྤྲད་པ་རེད།
ཚ་རགས་གྲོང་ཚོས་གྲོང་ཚོའི་ཏང་འཛུགས་སྐྱོང་གི་དམངས་ཕན་སྒོ་རྩིས་ཚོང་ཁང་བརྒྱུད་བསགས་པའི་སྐར་མར་གཞིགས་ནས་ཚོང་ཟོག་བརྗེ་བཞིན་ཡོད།སྐར་གསོག་བརྗེ་རེས་བྱ་ཡུལ་དུ་མང་ཚོགས་ཀྱིས་སྐར་གསོག་གཱ་སྤྱད་དེ་མཁོ་བའི་ཚོང་ཟོག་བརྗེས་ནས་བཞིན་རས་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ཡོད།གྲོང་མི་ལྷག་པས་དཔྱད་ཞིབ་རེའུ་མིག་བཟོས་པ་ནས་བཟུང་།ང་ཚོས་གྲོང་གསེབ་ཀྱི་འཚོ་བ་དེའང་དེ་སྔའི་སྒུག་པ་ནས་རང་ཉིད་ངོ་མས་ཚོད་ལྟ་བྱེད་པའི་རྣམ་པར་བསྒྱུར་བ་དང་།ཁྱིམ་ཚང་ཚང་མས་རང་ཁྱིམ་གྱི་སྒོ་ར་དང་སྡོད་ཁང་གི་རྒྱབ་མདུན་དུ་གཙང་སྦྲ་བྱས་ནས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ནང་ཧུར་ཐག་ཞུགས་ཡོད།སྐར་མ་རྒྱག་པའི་བརྒྱུད་རིམ་ནང་ང་ཚོས་ཀྱང་རིམ་བཞིན་ཡ་རབས་ཀྱི་འཚོ་བའི་གོམས་གཤིས་འཇགས་པར་བྱས་ཡོད་ལ་ཁྱིམ་མཚེས་དབར་འཆམ་མཐུན་ཡོང་རྒྱུར་ཡང་སྐུལ་མ་ཐེབས་ནས་རྒན་བཀུར་གཞོན་གཅེས་དང་མཐུན་སྒྲིལ་རོགས་རེས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།2023ལོའི་ཟླ་གསུམ་པར་ཚ་རགས་གྲོང་ཚོར་སྐར་གསོག་ལམ་ལུགས་ལག་ལེན་བསྟར་ནས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་།སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་།མི་རིགས་མཐུན་སྒྲིལ།ཡུལ་སྲོལ་ཡ་རབས།ཐོན་ལས་ཕྱུག་འགྱུར་སོགས་ཀྱི་གཙོ་གནད་ལས་འགན་དང་ཟུང་འབྲེལ་བྱས་ཏེ།རིགས་དབྱེ་ནས་སྐར་གྲངས་དཔྱད་བསྡུར་རྣམ་གྲངས་བཟོས་པ་དང་ཚད་འབེབས་དོ་དམ་ལ་བརྟེན་ནས་མང་ཚོགས་གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་བས།གྲོང་གསེབ་བཅོས་སྐྱོང་དེ་གྲོང་ཚོའི་ལས་དོན་ནས་ཁྱིམ་དོན་ལ་བསྒྱུར་ཏེ་གྲོང་གསེབ་བཅོས་སྐྱོང་ཐད་གསོན་ཤུགས་གསར་པ་མངོན་ཡོད་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社