ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཐཱན་གཉིས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་ཞབས་འདེགས་ཞུ་ཆེད། རང་རྒྱལ་གྱིས་ཐཱན་བཀག་སྡོམ་ཉར་ཚགས་ཀྱི་ས་གཤིས་ལ་བརྟག་དཔྱད་དང་དེ་བཞིན་འབྲེལ་ཡོད་ལག་རྩལ་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་འབྲེལ་འཕེལ་རིམ་གསར་པ་རབ་དང་རིམ་པ་བྱུང་ཡོད།
ཉེ་ཆར་གསར་འགོད་པས་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།མིག་སྔར་རང་རྒྱལ་གྱིས་ཐཱན་བཀག་སྡོམ་ཉར་ཚགས་ཀྱི་རྐྱེན་རྩ་དང་། གནས་ཡུལ་འདེམས་པ།ལྟ་ཞིབ་ཚད་ལེན་སོགས་ཀྱི་ལག་རྩལ་ཞིབ་འཇུག་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ།མིས་བཟོས་ཐེ་གཏོགས་བྱས་ནས་ཞུན་བྲག་ཐཱན་བསྡུས་མང་དུ་གཏོང་བའི་ཚོད་ལྟ་བྱེད་པ་དང་། ཧྲན་པེའི་ཡི་ཏུན་ཁྲི་བརྒྱ་རིམ་པའི་ཐཱན་གསོག་ཉར་གྱི་དཔེ་སྟོན་ཁུལ་དང་། རྨ་ཆུའི་ཟུར་གསུམ་གླིང་གི་ས་གཤིས་གསོག་འཇོག་ནུས་པར་སྔོན་ཁྲིད་ཚོད་ལྟ་བྱེད་པར་སྐུལ་འདེད་བཏང་ཡོད། མིག་སྔར་པོ་ཧའེ་རྒྱ་མཚོ་དང་ནན་ཧོང་ཧེ་རྒྱ་མཚོ་སོགས་གཙོ་གནད་མཚོ་ཁོངས་ཀྱི་ཐཱན་བཀག་སྡོམ་ཉར་ཚགས་ཁུལ་གྱི་དཔྱད་དཔོག་ལེགས་གྲུབ་ཟིན་ཡོད་ཅིང་། ཅང་ཞི་དང་ཧྲན་ཏུང་གིས་དིམ་བསགས་གཤོང་སའི་ཚྭ་ཆུའི་བང་རིམ་གྱི་ཐཱན་གསོག་ཉར་གྱི་མི་མངོན་པའི་ནུས་པའི་དཔྱད་དཔོག་དང་ཐཱན་བཀག་སྡོམ་ཉར་ཚགས་ཀྱི་ཚོད་ལྟ་འཚོལ་ཞིབ་བྱས་ཡོད། ཀོང་ཤིས་ཀྱིས་ས་འོག་ཆུ་བོ་རྒྱུག་ཁུལ་གྱི་ཞུན་བྲག་ཐཱན་བསྡུས་ལ་བརྟག་དཔྱད་དང་དཔྱད་དཔོག་ཐེངས་དང་པོ་བྱས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་རང་རྒྱལ་གྱིས་ས་གཤིས་ཐཱན་གསོག་གི་བརྟག་དཔྱད་མུ་མཐུད་བྱས་ནས་རྒྱལ་ཡོངས་ཀྱི་ཞུན་བྲག་ཐཱན་བསྡུས་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱི་དཔྱད་དཔོག་ལེགས་འགྲུབ་བྱེད་པ་དང་། གཙོ་གནད་གཤོང་སའི་ཐཱན་བཀག་སྡོམ་ཉར་ཚགས་ཀྱི་མི་མངོན་པའི་ནུས་པར་དཔྱད་དཔོག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དམིགས་འབེན་ཁུལ་ཁག་གཅིག་གཏན་འཁེལ་བྱེད་པ། ས་ངོས་ཀྱི་རྨང་གཞིར་བརྟག་དཔྱད་གཏིང་ཟབ་བྱས་ཏེ་རྨ་ཆུ་དང་། ཧོའེ་ཧའེ།ཧའེ་ཧོ་བཅས་ཀྱི་འབྲུ་རིགས་ཐོན་ཁུལ། མཚོ་བོད་ས་མཐོའི་ལོ་མང་འཁྱག་སའི་ཁུལ་སོགས་ས་ངོས་ཀྱི་གཞི་རྒྱུར་བརྟག་དཔྱད་བྱས་ནས་ཞིང་ཆེན་ཁག་ཧུར་ཐག་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པ།ས་ཞིང་གི་སྤུས་ཚད་དང་སའི་གོ་ལའི་རྫས་འགྱུར་ལ་བརྟག་དཔྱད་བྱས་ཏེ་རྒྱལ་ཁབ་དང་ས་ཁོངས་རིམ་པ་གཉིས་ཀྱི་ས་ཞིང་གི་སྤུས་ཚད་དང་སའི་གོ་ལའི་རྫས་འགྱུར་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་བ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱ་རྒྱུ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社