分享按钮

2023ལོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་23ཉིན།རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2023ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

2023ལོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། མཁོ་སྤྲོད་ཀྱི་དགོས་མཁོ་བརྟན་པོའི་ངང་ལེགས་སུ་ཕྱིན་པ། ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། དམངས་འཚོའི་འགན་ལེན་ནུས་ལྡན་བཅས་བྱུང་བས་སྔོན་དཔག་གི་དམིགས་ཚད་གཙོ་བོ་བདེ་བླག་ངང་མངོན་འགྱུར་བྱུང་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་གཅིག་གྱུར་ཞིབ་རྩིས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་2023་ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར་དུང་ཕྱུར་2392.67ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས་བརྒྱ་ཆ་9.5འཕར་བ་དང་། འཕར་ཚད་ལོ་གོང་མ་ལས་བརྒྱ་ཆ་8.3མཐོ་རུ་ཕྱིན་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་215.01ཟིན་ནས་བརྒྱ་ཆ་14.9འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་882.97ཟིན་ནས་བརྒྱ་ཆ་7.7འཕར་བ། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་1294.69ཟིན་ནས་བརྒྱ་ཆ་9.9འཕར་ཡོད།

2023ལོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོའི་ཁྲོད་ཀྱི་དམིགས་ཚད་མང་པོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་དང་། དམིགས་ཚད་གཅིག་གི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། 2023ལོར་རང་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ་4.3གྱིས་མཐོ་བ་ཡོད་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ་1.4ཡིས་མཐོ་བ་ཡོད་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ་1.7གྱིས་མཐོ་བ་ཡོད་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ་32.1གིས་མཐོ་བ་ཡོད་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ་13.9ཡིས་མཐོ་བ་ཡོད་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ་4.1གིས་མཐོ་བ་ཡོད་པས་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད།

2023ལོར་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་མགྱོགས་མྱུར་འཕར་ནས་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་དང་ལེགས་སུ་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། 2023ལོར་ལྗོངས་ཡོངས་སུ་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་པའི་རྣམ་གྲངས་3195གསར་འཕར་བྱུང་བ་དེ་ལོ་གོང་མ་ལས་700མང་དུ་ཕྱིན་པ་དང་། གསར་འཕར་རྣམ་གྲངས་ལ་མ་འཇོག་ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་བརྒྱ་ཆ་36.9འཕར་ནས་ལྗོངས་ཡོངས་ཀྱི་མ་འཇོག་ལ་སྐུལ་ཁྲིད་བྱེད་ཚད་བརྒྱ་ཆ་17.8འཕར་ཡོད་པ་དང་། ལྗོངས་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་34.8འཕར་ནས་ལྗོངས་ཡོངས་ཀྱི་མ་འཇོག་ལ་སྐུལ་ཁྲིད་བྱེད་ཚད་བརྒྱ་ཆ་14.0འཕར་བ། ལྗོངས་ཡོངས་ཀྱི་བཟོ་ལས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་48.1འཕར་ནས་ལྗོངས་ཡོངས་ཀྱི་མ་འཇོག་ལ་སྐུལ་ཁྲིད་བྱེད་ཚད་བརྒྱ་ཆ་11.2འཕར་བ། ལྗོངས་ཡོངས་ཀྱི་དམངས་འཚོའི་ཁྱབ་ཁོངས་ལ་མ་འཇོག་བྱེད་ཚད་བརྒྱ་ཆ་31.8འཕར་ནས་ལྗོངས་ཡོངས་ཀྱི་མ་འཇོག་ལ་སྐུལ་ཁྲིད་བྱེད་ཚད་བརྒྱ་ཆ་4.2འཕར་བ་བཅས་རེད།

2023ལོར་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་མགྱོགས་ཙམ་འཕར་བའི་རྣམ་པ་ཐོན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོ་གསུམ་ལེན་ཐུབ་པ་བྱུང་ཡོད། 2023ལོར་རང་ལྗོངས་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་བརྒྱ་ཆ་8.7ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆ་1.8མཐོ་རུ་ཕྱིན་པ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ་2.4མཐོ་རུ་ཕྱིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་བརྒྱ་ཆ་6.5ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆ་1.7མཐོ་རུ་ཕྱིན་པ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ་1.4མཐོ་རུ་ཕྱིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་བརྒྱ་ཆ་9.4ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆ་1.9འཕར་བ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ་1.7གྱིས་མཐོ་བ་ཡོད་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 6 6 拉萨日报藏文 c174603.html 1 2023ལོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ། /enpproperty-->