分享按钮

གྲོང་ཁྱེར་སེམས་དྲོ་ཀུང་སིས་དུས་དང་རྣམ་པ་ཀུན་ཏུ་འབར་རླངས་ཀྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་པ།

(པར་ངོས་དང་པོར་མཐུད)འཁོར་རིགས་སྤྱད་ནས་སྐོར་ཞིབ་བྱེད་སྐབས་འཁོར་རིགས་ཐོག་གི་སྐུལ་འོད་ཀ་ཝོན་འཚོལ་ཞིབ་ཡོ་བྱད་ཀྱིས་རླངས་འཁོར་དང་བར་ཐག་སྨི་30ཡི་ས་ཁོངས་ལ་ཞིབ་དཔྱད་ཚད་ལེན་ཐུབ་པ། སྐོར་ཞིབ་རླངས་འཁོར་ནས་བབས་མི་དགོས་པར་འབར་རླངས་ཕྱིར་ཤོར་གྱི་ཡོད་མེད་ཤེས་རྟོགས་ཐུབ་པས། དུས་ཐོག་ཏུ་མངོན་མེད་རྐྱེན་ངན་ཤེས་རྟོགས་བྱེད་ཐུབ་ཀྱི་ཡོད་པ་རེད།

གྲོང་ཁྱེར་སེམས་དྲོ་ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་པུའི་གྲོང་ཤར་ཉེན་སེལ་ལྟེ་གནས་ཀྱི་རུ་དཔོན་གཞོན་པ་བྱམས་པ་ནོར་བུས་གལ་ཏེ་མདོང་ལམ་ལ་སྐོར་ཞིབ་བྱེད་སྐབས་འབར་རླངས་ཕྱིར་ཤོར་བ་སོགས་ཀྱི་བདེ་འཇགས་ལ་གནོད་པའི་རྐྱེན་ངན་ཐོན་ཚེ་དུས་ཐོག་ཏུ་གོང་ཞུ་བྱེད་པ་དང་། དུས་ཐོག་ཏུ་ཐག་གཅོད་བྱེད་པ། འབྲེལ་ཡོད་ཀྱི་གནས་ཚུལ་ཟིན་ཐོར་ཡག་པོ་འགོད་པ་བཅས་བྱེད་དགོས། ཉེ་དུས་སྐོར་ཞིབ་བྱས་པ་བརྒྱུད་དགུན་དུས་སུ་གནམ་གཤིས་ཅུང་གྲང་མོ་ཡོད་སྟབས་ཁུལ་ཆུང་དང་སྒོ་རའི་ནང་གི་མདོང་ལམ་ལ་འཁྱགས་པ་ཐེབས་པའི་སྣང་ཚུལ་ཐོན་ནས་འཛད་སྤྱོད་པས་དུས་ཐོག་ཏུ་འབར་རླངས་སྤྱོད་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྟབས། ང་ཚོས་དུས་ཐོག་ཏུ་མདོང་ལམ་གཙང་སེལ་བྱས་ཏེ་འཛད་སྤྱོད་པར་རྒྱུན་གཏན་ལྟར་འབར་རླངས་སྤྱོད་རྒྱུར་འགན་ལེན་བྱས་ཡོད། སླད་ཕྱིན་ང་ཚོས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་བླང་བྱ་གཞིར་བཟུང་རྒྱུན་གཏན་གྱི་སྐོར་ཞིབ་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་འབར་རླངས་ཀྱི་མདོང་ལམ་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

དེ་དང་ཆབས་ཅིག་རང་གྲོང་གི་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ཡག་པོ་བྱ་ཆེད། གྲོང་ཁྱེར་སེམས་དྲོ་ཀུང་སིའི་མཁོ་མཁན་ཞབས་ཞུ་པུས་དུས་ཐོག་ཏུ《མཁོ་མཁན་ཞབས་ཞུ་པུའི་2024ལོའི“ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀ”དང“ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོའི”ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་ཇུས་གཞི》བཟོས་ནས་འཛད་སྤྱོད་པའི་བདེ་འཇགས་དོ་དམ་དུས་ཚོད་ཀྱི་དུས་ཚིགས་དང་། ཞིབ་བཤེར་ཁྱབ་ཁོངས། མི་སྣ་བཀོད་སྒྲིག་དང་དེ་བཞིན་ལས་ཀའི་བླང་བྱ་སོགས་ཁ་གསལ་བཟོས་ནས་ལོ་མཇུག་དང་ལོ་འགོའི་བདེ་འཇགས་ཞིབ་བཤེར་གྱི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཡོད། ལྷག་པར་དུ་སྨན་ཁང་དང་བཟའ་བཏུང་བྱེད་སྒོ་སྤེལ་ས་དང་དེ་བཞིན་ཚོང་ལས་ཀྱི་ཕྱོགས་བསྡུས་བྱེད་པོ་སོགས་མི་ཚོགས་མང་པོ་འདུ་སར་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ལས་དོན་དང་། བདེ་འཇགས་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ནང་འགྱིག་གི་མཉེན་སྦུག་མདོང་ལམ་བེད་སྤྱོད་བྱེད་མཁན་ཡོད་ཚེ་འཕྲལ་མར་འབར་རླངས་འགོག་རྒྱུ་དང་། འབར་རླངས་ཕྱིར་ཤོར་བའི་གནས་ཚུལ་འབྱོར་རྗེས་ལས་དོན་མི་སྣ་འཕྲལ་མར་ལས་ཡུལ་དངོས་སུ་བསྐྱོད་ནས་ཐག་གཅོད་བྱེད་དགོས་ཞེས་བཤད།

གྲོང་ཁྱེར་སེམས་དྲོ་ཀུང་སིའི་མཁོ་མཁན་ཞབས་ཞུ་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་གྲོང་ཁྱེར་ཡོངས་ཀྱི་གྲོང་མི་མིན་པའི་ཡིག་ཚགས་བཟོས་པའི་འཛད་སྤྱོད་པ་494ཟིན་པ་དང་ཁྱོན་བདེ་འཇགས་ཞིབ་བཤེར་ཐེངས་2057བྱས་པ་དང་ཞིབ་བཤེར་བྱེད་རིང་ལྕགས་རིགས་ཀྱི་མདོང་ལམ་ཁག་གཅིག་དུས་ཚོད་ལས་བརྒལ་ཀྱང་ད་དུང་བེད་སྤྱོད་བྱེད་པའི་སྣང་ཚུལ་ཤེས་རྟོགས་ཐུབ་པ་ཚང་མ་བཅོས་སྒྲིག་ཟིན་ཡོད་པ་རེད།

འདི་ལོ་སྡེ་ཚན་དེས་རེས་སྐོར་གསར་པའི་གྲོང་མི་མིན་པའི་འཛད་སྤྱོད་པའི་བདེ་འཇགས་ལ་ཞིབ་བཤེར(འབར་རླངས་ཉེན་བརྡའི་ཡོ་བྱད་གྲལ་བཤེར)བྱེད་བཞིན་ཡོད་པ་དང་གཙོ་བོ་འབར་རླངས་སྒྲིག་བཀོད་ནས་འབར་རླངས་ཕྱིར་ཤོར་མིན་དང་། ཁྱིམ་ཚང་ནང་དང་ཕྱི་རོལ་གྱི་མདོང་ལམ་དང་དེ་བཞིན་སྒྲིག་བཀོད་བདེ་འཇགས་ཡིན་མིན། འབར་རླངས་ཀྱི་ཆུ་ཚོད་རྒྱུན་གཏན་ཡིན་མིན། མདོང་ལམ་ལ་སྐྱོན་ཡོད་མེད་སོགས་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ད་དུང་འཛད་སྤྱོད་པར་འབར་རླངས་བདེ་འཇགས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་ནས་ཚང་མར་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འབར་རླངས་བདེ་འཇགས་ངང་སྤྱོད་པའི་གཏན་འབེབས་ལ་བརྩི་སྲུང་ཞུ་བ། འབར་རླངས་ཚད་ལྡན་ངང་སྤྱོད་པ་བཅས་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

གྲོང་ཁྱེར་སེམས་དྲོ་ཀུང་སིའི་མཁོ་མཁན་ཞབས་ཞུ་པུའི་ཆུ་ཚོད་འདྲ་བཤུས་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཡན་ལུང་གིས་རང་གྲོང་དུ་2024ལོར་གྲོང་མི་མིན་པའི་ཡིག་ཚགས་བཟོས་པའི་འཛད་སྤྱོད་པ་600ལྷག་ཙམ་ཡོད། མིག་སྔའི་བར་བདེ་འཇགས་ཞིབ་བཤེར་ཐེངས་60ལྷག་ཙམ་བྱས་པ་དང་། ཁྱོན་ཡོངས་ཀྱི་གནས་ཚུལ་ཡག་པོ་ཡོད་ཅིང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཤེས་རྟོགས་ཐུབ་མེད། ཕྱིས་འབྱུང་ང་ཚོས་ཚོང་ལས་ཀྱི་ཕྱོགས་བསྡུས་སྒྲིག་གཞི་དང་། སྨན་ཁང་། སློབ་གྲྭ་སོགས་ལ་བདེ་འཇགས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་འཛད་སྤྱོད་པར་འབར་རླངས་བདེ་འཇགས་ངང་སྤྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 6 6 拉萨日报藏文 c174599.html 1 གྲོང་ཁྱེར་སེམས་དྲོ་ཀུང་སིས་དུས་དང་རྣམ་པ་ཀུན་ཏུ་འབར་རླངས་ཀྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་པ། /enpproperty-->