ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས་རང་གྲོང་གི་འགྲུལ་སྐྱེལ་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། སྤྱི་པའི་འགྲུལ་སྐྱེལ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བཅས་བྱ་ཆེད། ཉེ་ཆར།གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་དྲ་འབོད་རླངས་འཁོར་དང་བོགས་གཏོང་རླངས་འཁོར་གྱི་ཁྲོམ་ར་བཅོས་སྒྲིག་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། དྲ་འབོད་རླངས་འཁོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བདལ་གཏོང་རླངས་འཁོར་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་བདེ་འཇགས་དང་ཕྱིར་སྐྱོད་ཞབས་ཞུའི་འགན་ལེན་ནུས་པ་གོང་མཐོར་བཏང་ཡོད།
རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་འགོ་ཚུགས་པ་ནས་བཟུང་། རང་གྲོང་གི་བདལ་གཏོང་རླངས་འཁོར་ཀུང་སི་གཉིས་ཀྱིས་བདལ་གཏོང་རླངས་འཁོར་འགྲོ་སའི་ལམ་ངོས་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཞིང་། གྲངས་གཞི་ལས་མངོན་པར། 2023ལོའི་ལོ་མཇུག་བར་སྒྲིག་འགལ་ཁ་ལོ་བ་ཁྱོན་མི་ཐེངས་3078ལ་བཅོས་སྒྲིག་བྱས་པ་དང་། མི་ཐེངས་3078ལ་སྐྱོན་བརྗོད་སློབ་གསོ་བརྒྱབ་པ། མི་ཐེངས་223ལ་སྐྱེལ་འདྲེན་བྱེད་མཚམས་བཞག་ཏུ་བཅུག་པ། མི་28ལས་ཀ་ནས་ཕྱིར་འབུད་བཅས་བྱས་ཡོད། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་བསོད་ནམས་རྡོ་རྗེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཁྲོད་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་གཙོ་བོ་གྲོང་ཁུལ་ནང་གི་ཁྲིམས་འགལ་གཉེར་སྐྱོང་བཅོས་སྒྲིག་ལས་དོན་གྱི་འགན་ཁུར་གྱི་ཡོད། དེའི་ནང་སྤྱི་སྤྱོད་རླངས་འཁོར་དང་བདལ་གཏོང་རླངས་འཁོར་སོགས་སྤྱི་པའི་འགྲིམ་འགྲུལ་ཚད་ལྡན་དོ་དམ་དང་ཞབས་ཞུའི་ལས་དོན་ཚུད་ཡོད། ཁྲིམས་འཛིན་དང་དྲིལ་བསྒྲགས་སོགས་ཕྱོགས་བསྡུས་བྱེད་ཐབས་བརྒྱུད་གྲོང་ཁུལ་གྱི་འགྲིམ་འགྲུལ་ཁོར་ཡུག་ལ་ཕན་འབྲས་བཟང་པོ་ཐོན་ནས་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད་ཅེས་བཤད།
བསྡོམས་རྩིས་བྱས་པར་གཞིགས་ན། རང་གྲོང་གིས་དྲ་འབོད་རླངས་འཁོར་ལས་སྟེགས་ཁག་གི་ཀུང་སིར་ཆེད་དོན་ལྟ་སྐུལ་དང་མཛུབ་ཁྲིད་ཐེངས་36ལྷག་ཙམ་བྱས་པ་དང་།《བཅོས་སྒྲིག་གི་བརྡ་ཐོ》6བཏང་བ།《དྲ་འབོད་རླངས་འཁོར་གཉེར་སྐྱོང་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་ཡིག་ཆ་12པར་འགྲེམས་བཅས་བྱས་ནས་དྲ་འབོད་རླངས་འཁོར་ལས་སྟེགས་ཀྱི་རྒྱུན་གཏན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ནུས་ལྡན་བརྒྱབ་ཡོད་པ་རེད།
བསོད་ནམས་རྡོ་རྗེས་ཕྱིས་འབྱུང་ང་ཚོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་གོ་སྐབས་སུ་བྱས་ནས་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ།འགྲིམ་འགྲུལ་ཤར་གཏོང་དང་འགག་པ་ཟུང་འབྲེལ་གྱི་བྱ་ཐབས་ཐོག་ནས་ད་ཡོད་ཀྱི་རླངས་འཁོར་ལས་ཁུངས་དང་ཁྱིམ་དུ་བསྐྱོད་རྒྱུ་ཚད་ལྡན་དུ་གཏོང་རྒྱུ་དང་། གཞན་ཡང་འབྲེལ་ཡོད་ཁེ་ལས་ལ་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཡ་རབས་ཀྱི་འགྲིམ་འགྲུལ་ཁོར་ཡུག་གཏོད་ཤུགས་ཆེ་རུ་བཏང་སྟེ་རྒྱ་ཆེའི་གྲོང་མི་མང་ཚོགས་ཕྱིར་བསྐྱོད་རྒྱུར་སྟབས་བདེ་དང་། བདེ་འཇགས། སྐྱིད་སྣང་དོད་པ་བཅས་ཀྱི་ཁོར་ཡུག་གཏོད་རྒྱུ་ཡིན་ཞེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社