分享按钮

པད་མ་དབང་འདུས་ཀྱིས་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་སློབ་སྦྱོང་གྲོས་མོལ(རྒྱ་ཆེ)ཚོགས་འདུའི་ཐོག

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རང་གྲོང་གི་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་ཡུན་རིང་བརྟན་ལྷིང་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་དགོང་མོ་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་འབྱོར་འབྲིང་ལྷ་ས་འཛུགས་སྐྲུན་བྱེད་པའི”ཆེད་དོན་སློབ་སྦྱོང་གྲོས་མོལ(རྒྱ་ཆེ)ཚོགས་འདུ་སྐོང་ཚོགས་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

གྲོང་ཁྱེར་གྱི་དབུ་ཁྲིད་གོ་གོག་དང་། ཀྲོང་ཧུང་ཞང་། ཡོན་ཏན། དགྲ་འདུལ། པའོ་ཅན། མ་ཅུན། ཝུའུ་ཡ་སུང་། ཨ་ནུ་ཚེ་རིང་། ཝང་ཅ་མིན་བཅས་ཚོགས་འདུར་ཕེབས་ཡོད།

ཚོགས་འདུའི་ཐོག 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་ནང་འཁོད་པའི་མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་དུས་བབ་གསར་པའི་འོག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལེགས་པོ་སྤེལ་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་བོད་སྐྱོང་མཛད་ཇུས་སྐོར་གྱི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་རྒྱས་བཤད་གལ་ཆེན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་དྲུག་པའི་དགོངས་དོན་དང་། 《བོད་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ལོ་རྒྱུས་མདོར་བསྡུས》ཞེས་པའི་ནང་འཁོད་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོ་དང་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པའི་སྐོར་གྱི་རྒྱས་བཤད། 《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག་བཀོད་པའི་རྩོམ་ཡིག་སྟེ《བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན》པ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གནང་བའི་གལ་ཆེའི་མཆན་བཀོད་གྱི་མཛུབ་སྟོན། 《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་དཔྱད་གཏམ་མཁན་གྱིས་སྤེལ་བའི་རྩོམ་ཡིག་རབ་དང་རིམ་པ་སྟེ《བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ》དང་། 《བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ》《བློ་མཐུན་ཝང་ཡུང་ཅུན་གྱིས་ནག་ཆུ་གྲོང་ཁྱེར་གྱི་ནུབ་ཁུལ་གྱི་རྫོང་བཞིས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་གཙོ་བོའི་གནས་ཚུལ་ལག་བསྟར་བྱས་ཚུལ་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ཚོགས་འདུའི་ཐོག་ད་དུང་རང་གྲོང་གི་མིག་སྔའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་གནས་བབ་བརྡ་ཁྱབ་བཏང་བ་རེད།

པད་མ་དབང་འདུས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་དང་། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་ཁག་དང་། ལྷག་པར་དུ་བརྟན་ལྷིང་སྲུང་སྐྱོང་དང་ཆོས་ལུགས་ལས་དོན་དང་འབྲེལ་བ་ཡོད་པའི་ཚན་པ། གཞི་རིམ་གྱི་མདུན་ས་དང་པོ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱེད་མཁན་གྱི་བློ་མཐུན་བཅས་ཀྱིས་རང་འགུལ་ངང་འགན་ཁུར་ཕོད་པ་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ། རང་གྲོང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བར་འགན་ལེན་ཐུབ་པ་དང་། དེ་དང་བསྟུན་ནས་རིམ་བཞིན“ངར་བརྟན་ལྷིང་ཡོང་བ་དགོས་པ”ནས“ངས་བརྟན་ལྷིང་ཡོང་བར་བྱེད་པ”ཞེས་པའི་བར་འགྱུར་བ་ཡོང་ཐུབ་པ་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་དེ་ཁྲིམས་ལུགས་ཅན་དང་། ཆ་འཕྲིན་ཅན། དེང་རབས་ཅན་བཅས་ཀྱི་ཆུ་ཚད་དང་ལས་དོན་ཐད་ཀྱི་ནུས་པ་མུ་མཐུད་གོང་མཐོར་གཏོང་དགོས། རང་གྲོང་ནི་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པའི་ཆ་ནས་ཐོག་མཐའ་བར་གསུམ་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆེས་མདུན་གྲལ་དུ་གནས་ཡོད། ལྷག་པར་དུ“ཏཱ་ལའི་དུས་མཇུག་གི་དུས་སྐབས”ནས“ཏཱ་ལའི་རྗེས་ཀྱི་དུས་སྐབས”སུ་འགྱུར་བའི་འགག་རྩའི་དུས་སྐབས་སུ། ང་ཚོས་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཙོ་བོར་བཟུང་སྟེ་ཁྱོན་ཡོངས་ནས་སློབ་སྦྱོང་ལ་དམ་འཛིན་བྱེད་པ།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་མ་རྩོམ་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ། རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རང་འགུལ་གྱི་དབང་ཆ་ཁོང་དུ་ཆུད་པ་བྱེད་པ། བདེ་འཇགས་ཐད་ཀྱི་ཉེན་ཁ་ཆེན་པོའི་མི་མངོན་པའི་རྐྱེན་ངན་གྱི་གནད་དོན་ཟུར་བཤེར་དང་མེད་པ་བཟོས་ཏེ་ནུས་ཤུགས་ཡོད་རྒུ་བཏོན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། རང་གྲོང་གི་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་ཏན་ཏིག་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

པད་མ་དབང་འདུས་ཀྱིས་དུས་བབ་གསར་པའི་འོག་གི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལེགས་པོ་བསྒྲུབ་རྒྱུའི་འགག་རྩ་ནི་ལས་བྱེད་པར་ཐུག་ཡོད།རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་བསམ་བློའི་ངོས་འཛིན་དེ་ཀྲུང་དབྱང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་འཛིན་པའི་ངོ་བོ་གཏན་འཁེལ་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་།ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ལ་སྟོང་བསམ་གང་ཡང་གཏན་ནས་འཆང་དུ་མི་འཇུག་པ།ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཁྲོད་དར་ཆ་གསལ་སྟོན་དང་ཁ་ཞེ་གཉིས་མེད་བྱེད་པ།ཏང་དང་མི་དམངས་ལ་བློ་དཀར་བཅངས་ནས་ལངས་ཕྱོགས་ཧ་ཅང་བརྟན་པོ་དང་བྱ་སྤྱོད་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་སྔ་བར་ཕྱི་གསུམ་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་ཁོང་དུ་བརྟན་པོར་ཆུད་པ་བྱེད་དགོས་པ་དང་།རིམ་ཁག་ཏང་ཨུད(ཏང་རྩ་འཛུགས)ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ལ་དགག་པ་རྒྱག་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་།ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པ།ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་བརྩི་སྲུང་དང་སྲུང་སྐྱོང་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ།ཏང་ཡོན་ལས་བྱེད་པས་ཆོས་ལུགས་ལ་དད་མོས་དང་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་ཚེ་ཐག་གཅོད་ནན་པོ་བྱེད་པ།ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་རྣམ་འགྱུར་མི་གསལ་བ་དང་།ལངས་ཕྱོགས་མི་བརྟན་པ།“མགོ་གཉིས་མ”བྱེད་པ་སོགས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཚབས་ཆེན་འགལ་བའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་བཅས་བྱས་ཏེ།ཏང་ཡོན་དཔུང་ཁག་གི་དྭངས་གཙང་རང་བཞིན་ལ་འགན་སྲུང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

པད་མ་དབང་འདུས་ཀྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩ་སྟེ་བོད་བརྒྱུད་ནང་བསྟན་དགོན་པར་དམ་འཛིན་རྩེ་གཅིག་ཏུ་བྱེད་པ་དང་།ཁྲིམས་ལྟར་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ།དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་མུ་མཐུད་དོན་འཁྱོལ་ལེགས་པོ་བྱེད་པ།ནུས་ཤུགས་གང་ཡོད་ཀྱིས་གྲྭ་བཙུན་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ།ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་ཀུན་སེམས་གཅིག་སྒྲིལ་དང་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་།“ཚད་གཞི་བཞི་ལག་བསྟར་བྱས་ཏེ་སྔོན་ཐོན་གྱི་གྲྭ་བཙུན་ཞིག་བྱེད་པའི”སློབ་གསོ་ལག་ལེན་གྱི་བྱེད་སྒོ་རྒྱུན་མཐུད་ནས་ལེགས་པོ་སྤེལ་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་སློབ་གསོ་རྒྱུན་རྣམ་ཅན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ།བླ་མ་སྐྱེས་ཆེན་དམ་པས་བོད་བརྒྱུད་ནང་བསྟན་གྱི་ཆོས་ཁྲིམས་བསྟན་དོན་ཐད་དུས་རབས་ཀྱི་བླང་བྱ་དང་འཚམ་པའི་འགྲེལ་བཤད་རྒྱག་རྒྱུར་སྐུལ་ལྕག་བྱེད་པ།རྒྱ་ཆེའི་གྲྭ་བཙུན་གྱིས་རྒྱལ་གཅེས་ཆོས་གཅེས་བྱ་རྒྱུར་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་པ།རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་རྗེས་དཔག་གི་ཆོས་ལུགས་འཛད་སྤྱོད་དང་ཤེས་དཔལ་གྱི་བསང་གསོལ་གནས་མཇལ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ།ཡང་དག་པའི་ཆོས་ལུགས་ཀྱི་བྱེད་སྒོ་དང་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་གཉིས་དབྱེ་བ་ལེགས་པོ་འབྱེད་ནས་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་སྲུང་སྐྱོང་བྱེད་དགོས་ལ་ཆོས་ལུགས་ལ་ཁ་གཡར་ནས་ཁ་ཕྲལ་གཏོར་བརླག་གི་བྱེད་སྒོ་ནན་འགོག་བྱེད་དགོས་པ།འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མ་བྱས་པར་དམ་འཛིན་བྱེད་དགོས་པ་སྟེ།བོད་ནི་གནའ་བོའི་དུས་ནས་མེས་རྒྱལ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་བོད་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་བརྟན་དུ་གཏོང་བ་དང་ཀྲུང་ཧྭའི་རིག་གནས་ནི་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བརྩེ་བ་འཆང་ས་དང་།སེམས་པ་ཆགས་ས།བསམ་བློའི་ཁྱིམ་གཞིས་བཅས་ཀྱི་བསམ་བློའི་རྨང་གཞི་ཞིག་ཀྱང་ཡིན།དྲག་རྡུང་བཅོས་སྒྲིག་དང་ཆེད་དོན་བྱ་སྤྱོད་གནད་ལ་འཁེལ་པོས་ལེགས་པོ་བསྒྲུབ་དགོས་པ་སྟེ།མཉམ་འབྲེལ་དྲ་རྒྱར་དོ་དམ་དང་ཚོད་འཛིན་ནན་པོ་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ཁོར་ཡུག་དེ་བས་ཞི་མཐུན་གོ་རིམ་ལྡན་པ་དང་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་དེ་བས་བདེ་འཇགས་ཡོང་བར་འགན་སྲུང་བྱེད་དགོས་པ།ཏང་གི་གཞི་རིམ་རྨང་གཞིའི་ལས་དོན་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་པ་སྟེ།མང་ཚོགས་ཀྱི་ལས་དོན་ལེགས་པོ་སྒྲུབ་པའི་འཇོན་ནུས་དང་ཆུ་ཚད་སྔར་བས་གོང་མཐོར་གཏོང་བ་དང་།རྒྱ་ཆེའི་མང་ཚོགས་ལ་དོན་དག་འཕྲད་ཚེ་རྩ་འཛུགས་ལ་ཡིད་ཆེས་དང་དོན་དག་ཡོད་ན་རྩ་འཛུགས་འཚོལ་བ།འགག་རྩའི་དུས་སུ་ཏང་གི་བཀའ་ལ་ཉན་པ་བཅས་འགན་སྲུང་བྱེད་དགོས་པ།ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱིས་ནང་དོན་གཙོ་བོ་བྱས་པའི་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོ་གཏོང་ཤུགས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་།ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཏེ།མང་ཚོགས་ཀྱིས“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟིང་སློང་ནི་ཆག་སྒོ་ཡིན་པ”དངོས་འབྲེལ་ཤེས་རྟོགས་ཡོང་བ་དང་དངོས་འབྲེལ་ཏང་གི་བཀའ་དྲིན་ཚོར་བ་དང་།ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

པད་མ་དབང་འདུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་བློ་མཐུན་ཝང་ཡུང་ཅུན་གྱིས་ནག་ཆུ་གྲོང་ཁྱེར་གྱི་ནུབ་རྒྱུད་རྫོང་བཞིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ཏན་ཏིག་བྱེད་པ་དང་།གཅིག་ཤེས་ཀུན་གྲོལ་དང་རང་བཤེར་རང་བཅོས་བྱེད་པ།ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལེགས་པོ་སྒྲུབ་པ།ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་སྲིད་དོན་གྱི་བྱས་རྗེས་ཆེ་ཤོས་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ།གཡོ་འགུལ་སྤུ་ཙམ་ཡང་མེད་པའི་ཐོག་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།རྒྱུན་སྲིང་ལྷོད་མེད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།ཏང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དམ་འཛིན་བྱེད་པ།ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་གྱི་ཐོག་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྣོད་བཅུད་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

ཉེ་དུས་ཀྱི་གཙོ་གནད་ལས་དོན་ཁག་གི་ཐད་པད་མ་དབང་འདུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་ཚན་ཁག་གིས་འདི་ལོའི་འབྲུབ་འགོག་ཉེན་སེལ་ལས་དོན་གྱི་ཛ་དྲག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ།མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་དགོས་པ་དང་།ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁྲི་ཁུར་བའི་རྣམ་འགྱུར་བཅངས་ཏེ།ཕྱོགས་ཡོངས་ནས་མངོན་མེད་རྐྱེན་ངན་གྱི་གནད་དོན་ཡོད་མེད་གྲལ་བཤེར་གཏིང་ཟབ་བྱས་ནས་འབྲུབ་འགོག་ཉེན་སེལ་གྱི་ལས་དོན་ཁག་ལེགས་པོ་སྒྲུབ་པ་དང་།བདེ་འཇགས་ཐད་ཀྱི་དོན་རྐྱེན་མི་ལྷག་པ་བྱེད་པ་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་དགོས་པ།ཁྱོན་ཡོངས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་གྲོང་ཁྱེར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་།བདེ་འཇཊ་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོ།འགྲིམ་འགྲུལ་སྒྲིག་འགལ་གྱི་ཆེད་དོན་བཅོས་སྐྱོང་བཅས་ཀྱི་བྱེད་སྒོར་རྒྱུན་མཐུད་ནས་དམ་འཛིན་ལེགས་པོ་བྱེད་པ།གྲོང་ཁྱེར་གྱི་སྣང་བརྙན་ཟམ་མི་ཆད་པར་གོང་མཐོར་གཏོང་བ།ཤེས་དཔལ་དྭངས་གཙང་གི་གྲོང་ཁྱེར་གྱི་ཁོར་ཡུག་དང་།བདེ་འཇགས་ལྡན་ལ་བཀྲ་ཤིས་པའི་སྤྱི་ཚོགས་ཁོར་ཡུག སྤུས་ལེགས་ཞིབ་ཚགས་ཀྱི་ཞབས་ཞུ་བཅས་ལ་བརྟེན་ནས་སྐབས་བཅུ་བཞི་པའི་བོད་ལྗོངས་འགྲེམས་ཚོགས་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཚོགས་འདུའི་ཐོག་ཨ་ནུ་ཚེ་རིང་དང་ཀྲའོ་ཐའོ།དེ་བཞིན་རྫོང(ཆུས)ཁག་གཅིག་དང་གྲོང་ཁྱེར་ཐད་གཏོཊ་ཚན་པའི་འགན་འཁུར་བློ་མཐུན་གྱིས་སློབ་སྦྱོང་གི་བརྗོད་དོན་གཙོ་བོར་དམིཊ་ནས་སྤེལ་རེས་གཏམ་བཤད་གནང་བ་དང་།གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་།སྲིད་གཞུང་།སྲིད་གྲོས་སོཊ་ཀྱི་ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན་དང་། རྫོང(ཆུས)དང་གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཕེབས་ཡོད་པ་རེད།

(དཔལ་སྐྱབས་རྒྱལ་དང་བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2018-09-06 པད་མ་དབང་འདུས་ཀྱིས་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་སློབ་སྦྱོང་གྲོས་མོལ(རྒྱ་ཆེ)ཚོགས་འདུའི་ཐོག 6 6 拉萨日报藏文报 c44947.html 1 ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རང་གྲོང་གི་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་ཡུན་རིང་བརྟན་ལྷིང་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ། /enpproperty-->