分享按钮

ཧྲའོ་ཙི་ཆིན་གྱིས་དུས་བསྣར་ཡང་བསྡུར་ནང་གཞི་ནས་སྤོ་ལོ་བླུགས་པ།

​ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཨེ་ཤེ་ཡའི་བུམ་པའི་རུ་ཁག་དྲག་ཤོས་བཞིའི་ནང་ཚུད་པ།

པར་འདི་ནི་ཟླ་3ཚེས་14ཉིན། ཀྲུང་གོའི་རུ་ཁག་གི་རུ་མི་ཧྲའོ་ཙེ་ཆིན་གྱིས་འགྲན་བསྡུར་ནང་སྤོ་ལོའི་རྩལ་ངོམ་བཞིན་པའི་རྣམ་པ་ཡིན།

ཤིན་ཧྭ་གསར་འགྱུར་ཁང་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་ཕོ་སི་ནས་ཟླ་3ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན།དཀྱིལ་རུ་བ་ཧྲའོ་ཙི་ཆིན་གྱིས་སྤོ་ལོ་སྒོ་ཁར་ཐེངས་མང་བླུགས་ཀྱང་སྒོ་ར་བས་བཀག་རྗེས། དུས་བསྣར་ཡང་བསྡུར་ནང་གཞི་ནས་སྤོ་ལོ་བླུགས་ཐུབ་པ་དང་། མཐར་བསྡུར་གྲངས་2:0གྱི་ཐོག་ནས་ཀྲུང་གོའི་རུ་ཁག་དེ་ཀྲུང་གོའི་ཐའེ་པེ་རུ་ཁག་ལས་རྣམ་པར་རྒྱལ་ཏེ། བུད་མེད་རྐང་རྩེད་སྤོ་ལོའི་ཨེ་ཤེ་ཡའི་བུམ་པའི་ཕྱེད་བསྡུར་ནང་ཚུད་པ་དང་ཆབས་ཅིག་ཏུ་2027ལོའི་པར་ཙིར་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་རག་ཡོད།

འགྲན་བསྡུར་བྱེད་པའི་ཁྲོད་དུ་ཕར་རྒོལ་གྱི་ལེགས་ཆ་ཆེན་པོ་ལྡན་པའི་ཀྲུང་གོའི་རུ་ཁག་གིས་སྤོ་ལོ་ཐེངས་མང་བླུགས་ཀྱང་སྤོ་ལོ་འཛུལ་མེད། རུ་ཁག་གཉིས་རྒྱུན་གཏན་གྱི་དུས་ཚོད་ནང་འགྲན་བསྡུར་བྱས་ཀྱང་རྒྱལ་ཕམ་ཐག་མ་ཆོད་པས་དུས་བསྣར་ཡང་བསྡུར་ནང་ཞུགས་ཡོད། སྐར་མ་94ཡི་ནང་། ཝང་ཧྲོང་གིས་བཀག་སྡོམ་ཁུལ་ནང་སྤོ་ལོའི་རྩལ་ངོམས་ནས་ཧྲའོ་ཙི་ཆིན་ལ་སྤོ་ལོ་སྤྲད་པས། ཧྲའོ་ཙི་ཆིན་གྱིས་གོ་སྐབས་འཕྲོ་བརླག་ཏུ་མ་བཏང་བར་སྤོ་ལོ་བླུགས་པས། སྤོ་ལོ་གཞི་ནས་སྒོའི་ནང་འཛུལ་ཡོད། ཀྲུང་གོའི་ཐའེ་པེ་རུ་ཁག་གིས་འགྲན་བསྡུར་མཇུག་འགྲིལ་ལ་ཉེ་བའི་སྐབས་སུ་སྤོ་ལོ་རང་གི་སྒོའི་ནང་བླུགས་པས། མཐར་བསྡུར་གྲངས་0:2ཐོག་ནས་ཕམ་ཉེས་བྱུང་ཡོད།

རྒྱལ་ཁ་དེར་བརྟེན་ནས་ལོ་སྔོན་མའི་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་རུ་ཁག་གིས་ཚེས་17ཉིན་གྱི་ཕྱེད་བསྡུར་ནང་མགྲོན་བདག་གཙོ་བོ་སྟེ། ཨོ་སི་ཁྲུ་ལི་ཡའི་རུ་ཁག་དང་འགྲན་བསྡུར་བྱ་རྒྱུ་རེད། གཞན་ཡང་རུ་ཁག་དྲག་ཤོས་བཞིའི་འགྲན་བསྡུར་གཞན་དག་གཉིས་ནི་ཧན་གོའི་རུ་ཁག་དང་ཨུ་ཟ་བྷེ་ཁི་སི་ཐན་རུ་ཁག་གི་འགྲན་བསྡུར་དང་། འཇར་པན་རུ་ཁག་དང་ཧྥི་ལི་ཕིན་རུ་ཁག་གི་འགྲན་བསྡུར་རེད།

ཉིན་དེའི་ཕྱི་དྲོ། ཕོ་སི་གྲུ་བཞི་དབྱིབས་ཀྱི་སྤོ་ལོའི་ཐང་ཆེན་དུ་ཀྲུང་གོའི་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོ་སྨི་ལི་ཤིས་ཆིས་སྤོ་ལོ་བ་བརྗེ་བའི་ཐབས་ཇུས་རྒྱུན་འཁྱོངས་བྱས་ཏེ། འགྲན་བསྡུར་གོང་མའི་སྤོ་ལོ་བའི་འགྲན་བསྡུར་བྱེད་སྟངས་ལ་བསྒྱུར་བཅོས་ཐེངས་མང་བྱས་ཤིང་། དེའི་ནང་ནས་སྒོ་ར་བར་ཕེང་ཧྲི་མོང་བཀོད་སྒྲིག་བྱས་ནས་རྨས་སྐྱོན་ཕོག་པའི་ཁྲེན་ཁྲེན་གྱི་ཚབ་བྱེད་དུ་བཅུག་ཡོད།

འགྲན་སྟོད་དུ་ཀྲུང་གོའི་རུ་ཁག་གིས་སྤོ་ལོ་ཚོད་འཛིན་གྱི་ལེགས་ཆ་བཟུང་ཡོད་མོད། འོན་ཀྱང་ཁ་གཏད་ཀྱི་འགོག་སྲུང་འཛིང་རགས་ལས་སྒྲོལ་ཐབས་བྲལ་བས། ཝང་ཧྲོང་དང་ཀྲང་ཤིན་གྱིས་གནས་བརྗེ་རེས་བྱས་ནས་སྤོ་ལོའི་རྩལ་ངོམས་ཡོད། སྐར་མ་39ཡི་ནང་ཝང་ཧྲོང་གིས་ཀྲང་ཤིན་གྱི་སྤ་སེ་བླངས་ནས་བཀག་སྡོམ་ཁུལ་དུ་མགོ་བོ་ལ་བརྟེན་ནས་སྤོ་ལོ་བླུགས་ཡོད་མོད། འོན་ཀྱང་ཤན་འབྱེད་པས་VAR(བརྙན་ལམ་ལས་རོགས་ཤན་འབྱེད་པ)བརྟེན་ནས་སྔ་བརྡོལ་རྒྱག་པར་བརྩིས་ཏེ་སྤོ་ལོ་འཛུལ་བ་རྩིས་མེད་དུ་བཏང་བ་རེད།

འགྲན་སྨད་དུ་རྩལ་ཁྲིད་པ་གཙོ་བོ་མི་ལི་ཤིས་ཆི་ཡིས་ཀྲང་ཁྲེང་ཞུའེ་དང་ལི་མོང་ཝུན་བརྗེ་རེས་བྱས་ཤིང་། ཝུའུ་རི་ཀུའུ་མུའུ་ལ་དང་ཝུའུ་ཁྲེང་ཧྲུའུ་བརྗེ་རེས་བྱས་ཡོད། དེའི་རྗེས་སུ་ཀྲང་ཞིན་དང་ཝུའུ་རི་ཀུའུ་མུའུ་ལ་གཉིས་ཀྱིས་སྔ་གཞུག་ཏུ་གཡོན་ལམ་ནས་སྤོ་ལོའི་རྩལ་ངོམས་ཏེ་མདུན་ཕྱོགས་སུ་བསྐྱོད་དེ་ཧྲའོ་ཙི་ཆིན་ལ་སྤོ་ལོ་སྤྲད། ཧྲའོ་ཙི་ཆིན་གྱིས་སྤོ་ལོ་ཐེངས་གཉིས་བླུགས་ཀྱང་སྒོའི་ནང་འཛུལ་ཐུབ་མེད། དེའི་རྗེས་སུ་ཡང་བསྐྱར་མགོ་བོ་ལ་བརྟེན་ནས་སྤོ་ལོ་བླུགས་ཀྱང་སྒོ་ར་བས་བཀག་ཡོད།

སྨི་ལི་ཤིས་ཆི་ཡིས་མུ་མཐུད་ནས་སྤོ་ལོ་བ་བརྗེ་རེས་བྱས་ཏེ། ཀྲང་རུའེ་དང་ཡའོ་ཝུའེ་མངགས་ནས་ཕར་རྒོལ་ལ་ཤུགས་སྣོན་བརྒྱབ་ཡོད། ཀྲུང་གོའི་རུ་ཁག་གིས་ཕར་རྒོལ་ཇི་ལྟར་ཤུགས་དྲག་ཆེ་ན་ཡང་རྒྱུན་གཏན་གྱི་དུས་ཚོད་སྐར་མ་90ནང་སྤོ་ལོ་བླུགས་མ་ཐུབ་པས། རྒྱལ་ཕམ་ཐག་གཅོད་བྱེད་ཐུབ་མེད།

དུས་བསྣར་ཡང་འགྲན་ནང་ཞུགས་རྗེས། ཧྲའོ་ཙི་ཆིན་གྱིས་སྤོ་ལོ་སྒོའི་ནང་བླུགས་རྗེས་ཡང་བསྐྱར་བཙུགས་སྤོར་གྱི་གོ་སྐབས་བརྩོན་ལེན་བྱས་ཡོད་མོད། ཝུའུ་རི་ཀུའུ་མུའུ་ལ་ཡིས་སྤོ་ལོ་བླུགས་ཀྱང་སྤོ་ལོ་སྒོ་ར་བས་བཀག་ཡོད། དེའི་རྗེས་སུ་ཅིན་ཁུན་གྱིས་གཡས་ལམ་བརྒྱུད་དེ་སྤོ་ལོ་སྤྲད་ཀྱང་། ཕར་ཕྱོགས་ཀྱི་སྤོ་ལོ་རྒྱག་མཁན་གྱིས་སྤོ་ལོ་རང་སྒོའི་ནང་རང་གིས་བླུགས་ཡོད། མཐར་བསྡུར་གྲངས་2:0ཐོག་ནས་ཀྲུང་གོའི་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད།

སྐབས་འདིའི་འགྲན་བསྡུར་གྱི་སྒྲིག་སྲོལ་གཞིར་བཟུང་། ཕྱེད་བསྡུར་ནང་ཞུགས་མཁན་གྱི་རུ་ཁག་4ལ་པར་ཙིར་གྱི་བུད་མེད་རྐང་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་ཐད་ཀར་རག་ཡོད། རུ་ཁག་དྲག་ཤོས་བརྒྱད་ཀྱི་འགྲན་བསྡུར་ནང་ཕམ་ཉེས་བྱུང་བའི་སྤོ་ལོ་རུ་ཁག་4ཡིས་ཟུར་སྣོན་འགྲན་བསྡུར་བྱས་ནས། འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་གདན་ཐོབ་གཞན་གཉིས་བརྩོན་ལེན་བྱ་རྒྱུ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-03-16 ​ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཨེ་ཤེ་ཡའི་བུམ་པའི་རུ་ཁག་དྲག་ཤོས་བཞིའི་ནང་ཚུད་པ། 6 6 拉萨日报藏文 c218438.html 1 ཧྲའོ་ཙི་ཆིན་གྱིས་དུས་བསྣར་ཡང་བསྡུར་ནང་གཞི་ནས་སྤོ་ལོ་བླུགས་པ། /enpproperty-->