分享按钮

(པར་ངོས་དང་པོར་མཐུད)རྒན་རྒོན་གྱི་བཟའ་བཏུང་གི་དགོས་མཁོ་དང་འཚམ་ལ་མི་རིགས་ཀྱི་ཁྱད་ཆོས་ཀྱང་ཟབ་མོ་ལྡན་ཡོད། རྒན་རྒོན་ཚོའི་འཇུ་ནུས་ལ་བསམ་གཞིགས་བྱས་ཏེ། ལྟོ་ཆས་ཚང་མ་ཚོས་པོ་དང་བྲོ་བ་ཞིམ་པོ་བཟོ་ཡི་ཡོད་པར་མ་ཟད། ཉིན་ལྟར་ཟས་སྣ་བརྗེ་རེས་བྱས་ནས་འཚོ་བཅུད་དོ་སྙོམས་ཡོང་བ་བྱེད་ཀྱི་ཡོད། ཟ་མ་ཟ་སྐབས། རྒན་རྒོན་ཚོ་སྒྲོག་ཙེའི་འགྲམ་དུ་རུབ་རུབ་བྱས་ནས་ཟ་མ་ཟ་ཞོར་དུ་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་དགའ་སྤྲོའི་དགོད་སྒྲས་ཡོངས་སུ་ཁེངས།

ཚེ་རིང་ཆོས་གྲགས་ཀྱིས། གྲོང་གསེབ་ཀྱི་བདེ་སྐྱིད་ཁང་བཙུགས་ཚུན་དུ། ང་ཚོ་རྒན་རྒོན་ཚང་མ་ཧ་ཅང་སྐྱིད་པོ་འདུག དེ་སྔོན་རང་ཉིད་གཅིག་པུ་ཁྱིམ་དུ་སྡོད་ཀྱི་ཡོད་པས། རྒན་རྒོན་གཞན་དང་མཉམ་དུ་འགྲོགས་ནས་ཅི་འཕྲོས་མོལ་འཕྲོས་བྱེད་པའི་གོ་སྐབས་མེད། ད་ཆ་རྟག་ཏུ་མཉམ་དུ་འཛོམས་གྱི་ཡོད་ལ། འདི་གའི་ཁ་ལག་ཀྱང་ཞིམ་པོ་འདུག ཞོགས་པ་བོད་ཐུག་དང་ཇ་མངར་མོ་སོགས་ཡོད་པས། འཚོ་བ་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད། དགུན་ཁའི་གུང་གསེང་རིང་། གྲོང་གསེབ་ཀྱི་བདེ་སྐྱིད་གླིང་དུ་གྲུང་ཤ་དོད་པའི་གཟུགས་བརྙན་མང་པོ་མཐོང་རྒྱུ་ཡོད།

ཚེ་རིང་ཆོས་གྲགས་ཀྱི་ཚ་མོ་པ་སངས་ཆོས་སྒྲོན་དང་བསོད་ནམས་ཆོས་སྒྲོན་ཉིན་ལྟར་སྤོ་བོ་ལགས་དང་མཉམ་དུ་དེ་གར་ཡོང་ནས། བགྲེས་སོང་གཞན་དག་གི་ཚ་བོ་ཚ་མོ་དང་མཉམ་དུ་སློབ་སྦྱོང་ཁུལ་དུ་སྦྱོང་ཚན་འབྲི་བར་ཡོང་གི་ཡོད།

སློབ་སྦྱོང་ཁུལ་གྱི་སྒྲོག་ཙེ་དང་རྐུབ་སྟེགས་གྲལ་འགྲིག་ལ་དཀར་ཆ་དོད་པར་མ་ཟད། ད་དུང་དཔེ་དེབ་དང་ཡིག་ཆས་ཀྱང་བཀོད་སྒྲིག་བྱས་ཡོད། པ་སངས་ཆོས་སྒྲོན་གྱིས། གྲོང་གསེབ་ཀྱི་བདེ་སྐྱིད་ཁང་གི་ལས་དོན་པས་ངང་རྒྱུད་རིང་པོའི་སྒོ་ནས་ཁོང་ཚོར་སློབ་སྦྱོང་ཁྲོད་འཕྲད་པའི་དཀའ་གནད་དང་མི་ཤེས་པའི་ཤེས་བྱར་ལན་འདེབས་པར་མ་ཟད། ད་དུང་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་སྤེལ་རེས་དང་གྲོས་བསྡུར་བྱེད་ཆོག་པས། སློབ་སྦྱོང་གི་ལས་ཕྱོད་ཆེ་རུ་ཕྱིན་སོང་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་གསེབ་ཀྱི་བདེ་སྐྱིད་ཁང་དུ་ཉིན་མོའི་ལྟ་རྟོག་དང་། སྤྲོ་གསེང་རོལ་རྩེད། རོགས་རེས་སྤེལ་རེས་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་ནས། སྣ་མང་ཅན་དང་ཞིབ་ཚགས་ཅན་གྱི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱས་ཡོད། གྲོང་གསེབ་ཀྱི་བདེ་སྐྱིད་ཁང་སྤྱོད་འགོ་ཚུགས་པ་དེས་རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་ཆེད་ལས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཀྱི་སྟོང་ཆ་བསྐངས་ནས། གྲོང་གསེབ་ཀྱི་རྒན་རྒོན་ལ་དྲོ་སྐྱིད་ལྡན་པའི་རོགས་རེས་རྒན་གསོའི་ལས་སྟེགས་ཤིག་བསྐྲུན་ཡོད།

མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་ཡངས་རི་སྒང་གྲོང་ཚོའི་གྲོང་གསེབ་བདེ་སྐྱིད་ཁང་གི་འགན་འཁུར་བ་བསྟན་འཛིན་བྱང་ཆུབ་ཀྱིས། ང་ཚོའི་ཡངས་རི་སྒང་གྲོང་ཚོའི་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་ན་ནིང་ཟླ་12པའི་ཟླ་མཇུག་ཏུ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་ནས་ད་བར་རིམ་རྩིས་བྱས་ན་རྒན་རྒོན་མི་ཐེངས་1110ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་ཞན་ཆར་དམིགས་ནས། བདེ་སྐྱིད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། གྲོང་གསེབ་ཀྱི་རྒན་རྒོན་གྱི་རྒན་གསོའི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་ཡོད། མལ་གྲོ་གུང་དཀར་རྫོང་གིས་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་འགོ་འཛུགས་ས་གསར་པར་བྱས་ཏེ། ཐོན་ཁུངས་བསྡུ་སྒྲིལ་སྔར་བས་བྱས་ནས། སྤུས་ལེགས་ཞབས་ཞུ་ཞིང་འབྲོག་ཁུལ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། མལ་གྲོ་གུང་དཀར་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐུའུ་ཅིན་ལུང་གིས། རྒན་གསོའི་བྱ་གཞག་ནི་དམངས་འཚོའི་དོན་ཆེན་ཞིག་རེད། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་ཁུལ་གྱི་རྒན་གསོའི་དགོས་མཁོར་དམིགས་ནས། བོད་བཟོའི་བཟའ་བཏུང་དང་སྒོར་གཞས་སོགས་མི་རིགས་ཀྱི་རིག་གནས་བདེ་སྐྱིད་ཁང་དུ་ཁྱབ་པར་བྱས་ཏེ། ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་རྒན་གསོའི་མ་དཔེ་ཞིག་གཏོད་རྒྱུ་ཡིན། རྗེས་མར། ང་ཚོས་ཉམས་མྱོང་ལ་ཕྱོགས་བསྡོམས་དང་། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། 2026ལོར་ཤང་དང་གྲོང་རྡལ་5རུ་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་7གསར་སྐྲུན་དང་རིམ་སྤོར་སྒྱུར་བཀོད་བྱས་ནས། གྲོང་ཚོ་རིམ་པའི་རྒན་གསོའི་ཞབས་ཞུ་རིམ་བཞིན་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ། རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་རྒན་རྒོན་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་གཏོང་རྒྱུ་རེད་ཅེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-03-16 6 6 拉萨日报藏文 c218432.html 1 /enpproperty-->